བསམ་ཚུལ་ཧ་རི་ཧུ་རི།  དུང་ཨ་ཏི།

305/545

    གྱི་ན་བ་ཁོ་བོ་དགེ་རྒན་གྱི་ལས་སུ་ཞུགས་ཏེ་ལོ་མང་པོར་བགྱི་བ་ཆེན་པོ་དང་དུ་བླངས་ནས་ལག་ལེན་དངོས་ཀྱི་སྟེང་དུ་ཉམས་མྱོང་སོགས་ཅི་རིགས་བླངས་མྱོང་མཁན་དེ་འདྲ་གཏན་ནས་མིན་མོད་ཀྱི།རང་ཉིད་བྱིས་པ་རྣམས་དང་འབྲེལ་བའི་ལས་སྒྲུབ་མཁན་ཞིག་ཡིན་ཙང་།ནམ་ཞར་བྱིས་པའི་སྐོར་ལ་རང་ནུས་ཀྱིས་མནོ་བསམ་ཉི་ཚེ་བ་རེ་གཏོང་ཁུལ་བྱས་པ་ཡིན།དེ་བས་དོ་ཞག་ཀྱང་བསམ་ཚུལ་ཐུང་ངུ་ཞིག་ཞུ་འདོད་བྱུང་།

   བསམ་ཚུལ་དེ་གང་ཡིན་ཅི་ཡིན་ཞེ་ན།དེ་ནི་སློབ་ཆུང་གི་བོད་ཡིག་དགེ་རྒན་རྣམས་ཀྱིས་སློབ་བུ་ཚོར་སློབ་ཁྲིད་གནང་སྟངས་སྐོར་ཡིན།ང་རང་སློབ་ཆུང་ཡིན་དུས།ངའི་དགེ་རྒན་གྱིས་དབྱངས་དང་གསལ་བྱེད་ངོ་སྤྲོད་སྐབས།ཀ་ནི་ཀ་དང་ཁ་ནི་ཁ་ལྟར་གཅིག་གཅིག་གཉིས་གཉིས་བྱས་ཏེ་སྤྱིའི་འགྲོ་སྟངས་དང་སྒྲོམ་གཞི་ལྟར་ཁྲིད་པ་རེད།འོན་ཀྱང་།དབྱངས་བཞི་བོ་ངོ་སྤྲོད་དུས་སོ་སོའི་འདོན་སྟངས་ཁོ་ན་ངོ་སྤྲད་པ་ལས་སོ་སོ་དཔེ་གང་དུ་བལྟས་ཏེ་སྦྱར་བ་ཡིན་པ་སོགས་གླེང་མ་བྱུང་།འདི་གི་གུ་རེད།འདི་ཞབས་ཀྱུ་རེད།འདི་འགྲེང་བུ་རེེད།འདི་ན་རོ་རེད།འདི་འདི་ལྟར་ཀློག་དགོས།ཀན་ཀན་ལྟར་འདོན་དགོས་ཅེས་ནན་གྱིས་ཐེངས་འགའ་ལ་གསུངས་རྗེས་དེའི་ཁྲིད་རྫོགས་སོང་བ་རེད།ང་ཚོས་ཀྱང་འདོན་སྟངས་ཁོ་ན་མ་གཏོགས་དེ་དག་གི་རྒྱབ་དང་ཕུགས་ཀྱི་ངོ་མཚར་བའི་ལོ་རྒྱུས་དང་ཤེས་བྱ་དེ་དག་ཤེས་ཀྱིན་ཡོད་མ་རེད་ལ་ཡོད་སྲིད་ཀྱང་མ་རེད།ད་བར་གྱི་དགེ་རྒན་དག་ག་འདྲ་ཅི་འདྲ་ཡིན་པ་མི་ཤེས་མོད།དེ་དུས་ཀྱི་དགེ་རྒན་དག་ཧ་ལམ་བྱིངས་ཆེ་བ་དེ་འདྲ་ཡིན་ཚོད་རེད།དེ་ཆོག་ནི་ཆོག་པ་རེད།ཡིན་ཡང་འཁྲིད་ཐབས་དེའི་སྟེང་དུ་འཁྲིད་ཐབས་ཡག་པོ་གཞན་གང་ཡོད་བཀོལ་བ་ཡིན་ན་བྱིས་པ་རྣམས་ལ་ཕན་ཐོགས་ངེས་པས་རབ་དང་ཕུལ་དང་མཆོག་རེད།དེ་དག་ཅི་ནུས་ཀྱང་བཀོལ་དགོས་པའང་རེད།དཔེར་ན་གོང་གི་དེ་ལྟ་བུ།དབྱངས་ཨི་ཨུ་ཨེ་ཨོ་བཞི་གང་དུ་དཔེ་བླངས་ཏེ་མཚོན་བྱེད་དེ་དག་མཛད་པ་རེད།དེ་དག་ཅིས་ཀྱང་ངོ་སྤྲོད་དགོས་པ་རེད།

    དབྱངས་བཞི་ནི་དཔེ་གང་ལ་གཞིགས་ཏེ་མཛད་པ་ཡིན་ཚུལ་ལ་བཞེད་པ་མང་པོ་འདུག་སྟེ་དཔེར་ན།ས་སྐྱ་བསོད་ནམས་རྩེ་མོ་མཆོག་གིས”སེང་གེ་ལྟ་བུའི་ཨ་ཞེས་བྱ།།ཨི་ཨུ་ཨེ་ཨོ་ཡན་ལག་ཕྱིར།།ཡན་ལག་གི་ནི་ཨ་ཞེས་བྱ།།སེང་གེ་འདྲ་དང་བརྒྱ་བྱིན་མིག།གླང་སྣ་འོད་མ་འགྲེང་འདྲ་དང་།།ཐང་གུག་དཔེ་ལྔས་བསྟན་པས་ན།།སྟོང་ཆེན་ཡི་གེ་ལྔ་ཞེས་གསུངས།།”ཞེས་པ་ལྟར་གི་གུ་ནི་བརྒྱ་བྱིན་གྱི་མིག་ལྟ་བུ།ཞབས་ཀྱུ་ནི་གླང་བོ་ཆེའི་སྣ་ལྟ་བུ།འགྲེང་བུ་ནི་འོད་མ(སྨྱུག་མའི་རིགས་ཚིགས་བརྒྱ་བ་ཅན་དུ་བཤད)འགྲེང་བ་ལྟ་བུ།ན་རོ་ནི་ཐང་གུག་ལྟ་བུ།ཡང་དེབ་གཞན་དུ་གི་གུ་ནི་གླང་བོ་ཆེའི་སྣ་དང་ཞབས་ཀྱུ་ནི་སྐྱེས་བུའི་རྐང་རྟེན།འགྲེང་བུ་ནི་རི་དྭགས་བསེའི་རྭ།ན་རོ་ནི་གདུགས་སོགས་སུ་བཞེད་ལ།ད་དུང་ངའི་དགེ་རྒན་དམ་པ་རོང་བོ་དགོན་ཆེན་གྱི་དགེ་བའི་བཤེས་གཉེན་ཆེན་མོ་ཡེ་ཤེས་རྒྱ་མཚོ་མཆོག་གི་དགེ་རྒན་ལགས་ཀྱིས་གི་གུ་ཕོ་རོག་ཤ་འཐོག་འདྲ།ཞབས་ཀྱུ་ཉ་མོ་ལྕགས་ཀྱུ་འདྲ།འགྲེང་བུ་སྤང་ལ་མདའ་རྒྱབ་འདྲ།ན་རོ་ཐང་དཀར་གཤོག་རྒྱོང་འདྲ་ཞེས་པ་སོགས་ལྟ་བུ་མང་།འདི་དག་གི་ཁྲོད་དུ་ང་ཚོ་དང་རྒྱང་རིང་བ་བློས་གཞལ་ན་འཇལ་ཁག་པོ་ཡོད་པ་དེ་འདྲ་རེ་འགའ་འདུག་མོད་དེ་ལ་སྐྱོན་མི་འདུག ང་ཚོས་ང་ཚོ་དང་ཉེ་བ་དག་བདག་ཏུ་བཟུང་ཆོག བྱིས་པ་རྣམས་ལ་ཁོ་ཚོ་དང་རྒྱང་རིང་པོ་ཞིག་འཆད་པ་ཡིན་ན་ཉོབ་འགྲོ་ངེས་པས་ཁོ་ཚོས་རྟོགས་སླ་བ།བློའི་ར་བ་ལས་མི་འགོང་བ<གླང་བོ་ཆེའི་སྣ>དང་<ཕོ་རོག་གིས་ཤ་འཐོག་པ><ཉ་མོ་ལྕགས་ཀྱུས་འདྲེན་པ><སྤང་དུ་མདའ་གཏོང་བ><ཐང་དཀར་རྒོད་པོས་གཤོག་པ་རྒྱོང་བ>ལྟ་བུ་སོགས་སློབ་ཁྲིད་ཀྱི་སྐབས་སུ་ངོ་སྤྲད་པ་ཡིན་ན་བྱིས་པ་རྣམས་ལ་ཡི་གེ་ངོས་འཛིན་བརྟན་པོ་ཡོང་བར་རྔོ་ཆེན་པོ་ཐོགས་ངེས། དིང་སང་ཆ་འཕྲིན་དུས་རབས་ཡིན་ཙང་སློབ་གྲྭ་ཕལ་ཆེ་བའི་ཆ་རྐྱེན་བཟང་པོ་ཡོད་ངེས།དེ་བས་དགེ་རྒན་དག་གིས་གོང་གི་འདི་དག་མཚོན་པའི་རི་མོ་དང་བརྙན་སོགས་<Microsoft Office PowerPoint>བསྡུས་ན་PPTརུ་བཟོས་ཏེ་ངོ་སྤྲད་ན་བྱིས་པ་རྣམས་སྤྲོ་བ་ཆེན་པོ་སྐྱེས་ཏེ་སྔར་ལས་ཀྱང་གོ་བ་བརྟན་པོ་ཆགས་ངེས།དེ་ལྟར་ཕྱིན་པ་ཡིན་ན་དགེ་རྒན་གང་དེའི་སློབ་ཁྲིད་ལའང་སྤྲོ་བ་ཡོད་ངེས།དགེ་རྒན་དེ་ལའང་སྤྲོ་བ་ཆེན་པོ་ཡོང་ངེས།ཡང་སློབ་གྲྭ་ལ་ལར་ཆ་རྐྱེན་དེ་འདྲ་འཛོམས་པོ་མིན་ཡང་དགེ་རྒན་རྣམས་ཀྱིས་ང་ཚོར་ཆ་རྐྱེན་སྡུག་པོ་སྐྱོ་བོ་ཡིན་པས་ངོ་སྤྲོད་ཐབས་མི་འདུག་ཅེས་འཁང་ར་དང་ཁ་གཡར་མི་དགོས་ཏེ།ནུབ་ཕྱོགས་ཀྱི་ཆ་རྐྱེན་ཞན་པའི་སློབ་ཁྲིད་གནང་སྟངས་ལྟར་གོང་གི་དེ་དག་མཚོན་པའི་པར་སོགས་འཚོལ་བསྡུ་བྱས་ཏེ་སྒོ་སམ་སྟེང་དུ་སྦྱོར་བའམ་ཡང་ན་བྱིས་པ་རེ་རེའི་མདུན་དུ་བཅར་ནས་ངོ་སྤྲད་ན་ཆོག དེ་ཅིས་མི་ཆོག་པ་རེད།སློབ་ཁྲིད་ཀྱི་སྐབས་སུ་དགེ་རྒན་དགྲ་བཅོམ་པ་ལྟར་བཞུགས་དགོས་དོན་ཡེ་ནས་མེད་པས་གུ་ཡངས་པོའི་སྒོ་ནས་ངོ་སྤྲད་ན་ཕན་ཡང་ཆེན་པོ་ཐོགས་ངེས།དེ་བས་མཐར་གཏུགས་ན་སློབ་ཁྲིད་གནང་སྟངས་ཏེ་འཁྲིད་ཐབས་ཀྱི་སྟེང་ནས་དགེ་རྒན་རྣམས་ཀྱིས་ཐུགས་བསམ་རེ་གཏོང་རོགས་ཞེས་ཞུས་པ་ཡིན།

 

༢༠༡༨.༡༡.༢༢རེབ་གོང་།