རྗེ་ཙོང་ཁ་པའི་རྣམ་ཐར་མདོར་བསྡུས་ཚིགས་བཅད་བཅུ་བདུན་པ། རྗེ་བཙུན་ཤེས་རབ་རྒྱ་མཚོས་མཛད།

298/545

རྗེ་ཙོང་ཁ་པའི་རྣམ་ཐར་མདོར་བསྡུས་ཚིགས་བཅད་བཅུ་བདུན་པ།

རྗེ་བཙུན་ཤེས་རབ་རྒྱ་མཚོས་མཛད།


བདེན་བུས་ཁ་པར་དུ་བསྒྲིགས། འཇམ་དབྱངས་ངུར་སྨྲིག་ཟློས་གར་ཙོང་ཁ་པའི། ། ཕྲ་ཞིབ་རིག་ལམ་རྡོ་རྗེ་ཟེགས་མའི་མཚོན། ། གངས་ཅན་ལོག་སྨྲའི་གཤེད་དུ་གདེངས་པའི་གཏམ། ། འཛམ་གླིང་བློ་ལྡན་སྐྱེ་བོའི་ངག་ན་མཛེས། ། རབ་བྱུང་དྲུག་པའི་མེ་མོ་བྱ་ཡི་ལོར། ། སངས་རྒྱས་བྱམས་སེམས་མང་པོའི་ལུང་བསྟན་བཞིན། ། དཔལ་ཆེན་ཀླུ་འབུམ་དགེ་དང་སྲས་སུ་འབྲེལ། ། ཙོང་ཁའི་ཡུལ་དུ་བཏམས་པའི་རྣམ་ཐར་ཡིན། ། ལྟེ་བའི་མཚལ་ཐིགས་ས་ལ་འཕོས་པ་ལས། ། ཙན་དན་ལྗོན་པ་ལོ་མ་འབུམ་ཕྲག་ཅན། ། སེང་གེ་ང་རོའི་སྐུ་ཡིས་བརྒྱན་པ་འཁྲུངས། ། སྔ་རབས་གཞན་ལ་མེད་པའི་རྣམ་ཐར་ཡིན། ། དགུང་ལོ་གསུམ་པར་གྲུབ་དབང་ཀརྨ་པས། ། དགེ་བསྙེན་བསྒྲུབས་ཤིང་བདུན་པར་ཆོས་ཀྱི་རྗེ། ། དོན་གྲུབ་རིན་ཆེན་དྲུང་ནས་རབ་ཏུ་བྱུང་། ། རྒྱལ་བའི་བསྟན་ལ་བཞུགས་པའི་རྣམ་ཐར་ཡིན། ། བཅུ་བདུན་པ་ལ་དུས་གསུམ་གཤེགས་པ་ཡིས། ། བླ་མའི་བཀའ་དང་རང་གི་དལ་སྟོབས་ཀྱིས། ། དབུས་གཙང་ཆོས་ཀྱི་ལྗོངས་སུ་གོམ་ཁ་བསྒྱུར། ། ཉི་ཟླ་ཤར་ནས་འཆར་བའི་རྣམ་ཐར་ཡིན། ། རྒྱ་གར་པཎ་གྲུབ་ལྟ་བུའི་མཁས་མང་ལས། ། མདོ་སྔགས་ཐ་སྙད་གཙུག་ལག་ཀུན་ལ་སྦྱངས། ། རབས་འབྱམས་ཤེས་བྱ་ནམ་མཁའི་ཕ་མཐར་སོན། ། དང་པོར་ཐོས་པ་བཙལ་བའི་རྣམ་ཐར་ཡིན། ། འདུལ་བྱའི་ཁམས་དང་འཚམ་པར་འཇུག་པ་ཡིས། ། རྒྱལ་བའི་བཀའ་ལས་ཡི་གེ་འབྲུ་གཅིག་ཀྱང་། ། ལུས་པ་མེད་པར་ཐར་པའི་ཐབས་སུ་དགོངས། ། བར་དུ་གདམས་པར་ཤར་བའི་རྣམ་ཐར་ཡིན། ། མཁའ་ཁྱབ་སྐྱེ་རྒུ་སྐྱོབས་པའི་བརྩེ་བ་དང་། ། ཟབ་རྒྱས་ལམ་གྱི་རིམ་པའི་དམིགས་རྣམས་ལ། ། མཉམ་རྗེས་ཉིན་མཚན་ཀུན་ཏུ་དབྱེ་བ་མེད། ། མཐའ་མར་ཉམས་སུ་བླངས་པའི་རྣམ་ཐར་ཡིན། ། བཀའ་དང་བསྟན་བཅོས་བྱེ་བའི་གནད་ལ་རྣོ། ། སོ་ཐརབྱམས་སེམས་གསང་སྔགས་ཚུལ་ཁྲིམས་གཙང་། ། བྱམས་དང་སྙིང་རྗེ་ཕྱིན་དྲུག་བསྡུ་བཞིའི་གཏེར། ། ཕུལ་བྱུང་མཁས་བཙུན་བཟང་པོའི་རྣམ་ཐར་ཡིན། ། དོན་དམ་དབུ་མ་ཆེན་པོའི་དེ་ཉིད་གཟིགས། ། ཉེས་པ་ལྔ་སྤོངས་འདུ་བྱེད་བརྒྱད་དང་འགྲོགས། ། འདོད་གདུང་མཐའ་གཉིས་སྐྱོན་བྲལ་པདྨའི་ལྗོན། ། ཟླ་མེད་ལྟ་སྒོམ་སྤྱོད་པའི་རྣམ་ཐར་ཡིན། ། གཞུང་ཆེན་བཅུ་ཕྲག་མང་པོ་བློ་ནས་འགྲེལ། ། ཕས་རྒོལ་གླང་སྨྱོན་ཀླད་པའི་བུམ་པ་འགེམས། ། ཕྲ་ཞིབ་གསུང་ངག་སྲིད་པའི་ཁོང་ན་བརྗིད། ། ངོ་མཚར་འཆད་རྩོད་རྩོམ་པའི་རྣམ་ཐར་ཡིན། ། རྫིང་ཕྱིའི་མི་ཕམ་རྟེན་དང་བསྟན་པ་གསོས། ། གཉལ་གྱི་ལུང་རར་སྔོན་མེད་ཆོས་འཁོར་བསྐོར། ། ཆོ་འཕྲུལ་སྨོན་ལམ་སྟག་རྩེའི་སྒྲུབ་མཆོད་སྤེལ། ། བསྔགས་འོས་མཛད་ཆེན་བཞི་ཡི་རྣམ་ཐར་ཡིན། ། སྣང་ཡང་སྟོང་བའི་རྟེན་འབྱུང་ཟབ་མོ་དང་། ། གཉུག་རླུང་ལྷ་སྐུར་ཤར་བའི་སྒྱུ་ལུས་ལས། ། ལེགས་བཤད་གློག་གི་སྒྲོན་མེ་ཆེར་སྤར་བ། ། གནད་ཀྱི་རྨོངས་མུན་སེལ་བའི་རྣམ་ཐར་ཡིན། ། ང་གསུམ་ས་མོ་གླང་ལ་དགའ་ལྡན་བཏབས། ། རེ་གསུམ་ཕག་ལ་བྱམས་པའི་མདུན་སར་གཤེགས། ། རྗེས་འཇུག་དགོན་དང་སློབ་མས་ས་སྟེང་ཁྱབ། ། སྲིད་ན་འགྲན་ཟླ་བྲལ་བའི་རྣམ་ཐར་ཡིན། ། དེ་ལས་འོངས་པའི་བསོད་ནམས་འོ་མའི་ཀླུང་། ། ཟླ་བ་བདུད་རྩིའི་མཛོད་ལ་འཁུ་འདྲ་བས། ། དབྱིག་གི་བློ་གྲོས་མ་འདི་ནད་མཚོན་དང་། ། མུ་གེའི་སྐལ་བས་ཀུན་ནས་དབེན་འགྱུར་ཅིག ། དེ་ལྟར་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པའི། ། རྣམ་ཐར་མདོར་བསྡུས་ཚིགས་བཅད་བཅུ་བདུན་པ། ། ཤིས་ངའན་བཀྭང་རིང་ཟི་ཡི་ཏཱ་བླ་མ། ། གོན་ཧྥུ་ཆིན་གྱིས་རིང་ནས་བསྐུལ་བའི་ངོར། ། རྒྱལ་བ་གཉིས་པའི་སྦྱིན་གྱི་ཆ་ཤས་ཙམ། ། སྙིང་གི་ཟེའུ་འབྲུར་རོལ་བའི་མཐུ་ཉིད་ལས། ། མདོ་རྒྱུད་གཞུང་མང་སྨྲ་བའི་སྤོབས་པ་ཅན། ། ཤེས་རབ་རྒྱ་མཚོས་འཕྲལ་མར་བྲིས་སྟེ་ཕུལ། ། ཅེས་ཆིན་ཧའེ་ཟིན་ཀྲིན་ཧྥུའི་གར་འདུག་ནས་རབ་རྒྱལ་ལྕགས་སྟག་ཟླ་༡༡ཚེས་༢ལ།