རང་རྒྱལ་དུ་རྒྱུགས་ཆེ་བའི་སློབ་ཐུན་སློབ་ཁྲིད་ཀྱི་རྣམ་པ་བཅུ། སྒྲོལ་མ་ཚེ་རིང་གིས་བསྒྱུར།

252/545

 

དང་པོ།  ཧྲན་ཏུང་ཏའོ་ལིང་ཁོའུ་སློབ་འབྲིང་གི10+35རྣམ་པ།

 

ཏའོ་ལིང་ཁོའུ་སློབ་འབྲིང་གི་སློབ་ཐུན་བཅོས་བསྒྱུར་གྱིས་མིང་དུ་གྲགས། སྐབས་དེར་ཀྲུང་གོའི་སློབ་གསོའི་སྟེང་གི་སློབ་ཁྲིད་བཅོས་བསྒྱུར་གྱི་གླེང་གཞིར་གྱུར་བའི་སློབ་གྲྭ་མིང་ཅན་དུ་གྱུར།   དོན་ངོ་མར།  ཏའོ་ལིང་ཁོའུ་ཉམས་མྱོང་ཡང་དེ་འདྲའི་ཁྱད་མཚར་བ་ཞིག་མིན་དེ།  སྐད་ཆ་གཅིག་གིས་བཤད་ན་སློབ་མ་འགུལ་དུ་བཅུག་པ་དང་སློབ་ཐུན་ལ་གསོན་ཤུགས་སྟེར་བ།  སློབ་ཁྲིད་ཕན་འབྲས་བཟང་དུ་བཏང་བ་དེ་རེད།    ལྟེ་བ་ནི་འགུལ་གྱི་སྟེང་ན་ཡོད་ལ།  ཐབས་བརྒྱ་ཇུས་སྟོང་གིས་འགུལ་བའི་རྣམ་པས་སློབ་མ་སློབ་སྦྱོང་གི་གཙོ་གཞི་བྱེད་པ་མངོན་དུ་བཅུག་པ་རེད།  ཏའོ་ལིང་ཁོའུ་སློབ་བསྒྱུར་གྱི་སྙིང་བཅུད་དེ་མཚམས་ཚད་ཆེ་ཤོས་ཀྱིས་སློབ་ཐུན་སློབ་མ་ལ་སྤྲད་པ་དང་།  སློབ་མས་སློབ་ཤེས་པའི་སློབ་ཁྲིད་ནི་ཆེས་བཟང་བའི་སློབ་ཁྲིད་དུ་བརྩིས་པ་དང་།  ཡོད་ཚད་སློབ་མའི་སློབ་ཀྱི་སྟེང་ནས་དགེ་རྒན་གྱི་ཁྲིད་ལ་གདེང་འཇོག་བྱས།  སློབ་ཐུན་ཁྲོད་ངེས་པར་དུ་སློབ་མའི་སློབ་སྦྱོང་གི་ཚེ་སྲོག་ལ་གསོན་ཤུགས་སྦྱིན་དུ་བཅུག་པ་དེ་རེད།

ཏའོ་ལིང་ཁོའུ་རྣམ་པར་ལག་ལེན་རང་བཞིན་གང་དག་ཡོད། དོན་ངོ་མར་ཀུན་དང་འཚམས་པ་ཞིག་ཡིན་ནམ།  ཏའོ་ལིང་ཁོའུ་སློབ་བསྒྱུར་ཉམས་མྱོང་དེ་སློབ་སྦྱོང་དང་ཞིབ་འཇུག་མཁན་གྱི་སློབ་གྲྭ་དང་ལས་ཁུང་གཞན་དག་ལ་ཞབས་ཞུ་ལེགས་པར་སྒྲུབ་ཆེད་དམིགས་ས་ཡོད་པའི་སྒོ་ནས་ཀྲུང་གོའི་དགེ་རྒན་ཚགས་པར་སྟེང་བཀོད་པའི་ཚོད་ལྟའི་སློབ་བསྒྱུར་ཞིང་གྲོང་ཞིབ་འཇུག་ཞེས་པའི་ནང་ཏའོ་ལིང་ཁོའུ་སློབ་འབྲིང་དེ་ཀྲུང་གོའི་དགེ་རྒན་ཚགས་པར་རྒྱལ་ཡོངས་དགེ་རྒན་གྱི་གསབ་སྦྱོང་གནས་གཞིའི་སྒོ་བྱང་དང་པོ་བཀལ། ལག་ལེན་ཞིབ་འཇུག་གི་ཁྱད་ཆོས་མངོན་པར་གསལ་ཞིང་གནད་དོན་ནི་སློབ་ཁྲིད་བརྗོད་དོན་ཡིན་པའི་དྲང་བདེན་གྱི་རྣམ་འགྱུར་བཟུང་ནས།  སློབ་ཐུན་ཕུགས་འདུན་ཅན་དང་ཕུགས་འདུན་ཅན་གྱི་སློབ་ཁྲིད་འཛུགས་གཉེར་བྱེད་པ།  སློབ་ཐུན་སློབ་གསོའི་བཅོས་བསྒྱུར་གྱི་བརྒྱུད་ལམ་དང་ཐབས་ཤེས་ཞིབ་འཇུག་དང་ཁྱབ་བརྡལ་གཏོང་བཞིན་ཡོད།

10+35རྣམ་པ།

ཏའོ་ལིང་ཁོའུ10+35རྣམ་པ་ནི་དགེ་རྒན་གྱིས་སྐར་བཅུ་ཡི་ཡུན་ལ་སློབ་སྦྱོང་གི་དམིགས་ཡུལ་དང་འགན་ཁུར་བཀོད་སྒྲིག་དང་སྣེ་སྟོན་བྱེད་པ་དང་སློབ་མས་སྐར་སོ་ལྔའི་རིང་རང་སྦྱོང་དང་མཉམ་ལས།  འཚོལ་ཞིབ་བྱེད་པ་རེད།

ཏའོ་ལིང་ཁོའུ10+35རྣམ་པར་ཁྱད་ཆོས་གསུམ་ཡོད་དེ།  ལངས་གཟུགས་ཅན་དང་ཤོང་རྒྱ་ཆེ། འགྲོས་ཚད་མགྱོགས་པ་བཅས་རེད།  ཏའོ་ལིང་ཁོའུ་སློབ་ཐུན་སྒྲིག་གཞིར་དཔེ་དབྱིབས་གསུམ་ཡོད་པ་ནི།  སྔོན་སྦྱོང་དང་འགྲེམ་སྟོན།  ཕྱིར་རྟོག་གོ །

ཏའོ་ལིང་ཁོའུ་སློབ་ཐུན་འགྲེམས་སྟོན་དཔེ་དབྱིབས་ལ་བརྒྱུད་རིམ་དྲུག་འབུར་དུ་ཐོན་ཡོད།  སྔོན་སྦྱོང་བགྲོ་གླེང་།  དམིགས་ཚད་གཏན་འཁེལ།  ཚོ་ཆུང་མཉམ་ལས།  འགྲེམ་སྟོན་མཐོར་འདེགས།   སྲ་བརྟན་སྦྱོང་བརྡར།  ཚད་ཐོན་ཚད་འཇལ་ལོ།།

གདེང་འཇོག  དེ་རིང་གི་ཏའོ་ལིང་ཁོའུ་སློབ་འབྲིང་ནི་ཀྲུང་གོའི་སློབ་ཁྲིད་བཅོས་བསྒྱུར་གྱི་ཚབ་བྱེད་མིང་ཚིག་ཏུ་གྱུར་ཡོད།  ཞིང་གྲོང་སློབ་གྲྭ་ཞིག་གི་གསར་གཏོད་དེ་སློབ་གསོའི་ལྷ་སྒྲུང་ལྟ་བུར་གྱུར་ཡོད་ལ།  བཅོས་བསྒྱུར་བྱས་ན་ད་གཟོད་བགྲོད་ལམ་གསར་བ་ཡོད་པ་གསལ་བཤད་བྱས།

 

གཉིས་པ།  ཧྲན་ཏུང་ཁྲང་ལེ་སློབ་འབྲིང་གཉིས་པའི271རྣམ་པ།

 

བསླབ་ཚན་བཅོས་བསྒྱུར་མ་བྱས་སྔོན་ལ་ཁྲང་ལེ་སློབ་འབྲིང་གཉིས་པ་ནི་མཐོ་རྒྱུགས་ཀྱི་སྙན་གྲགས་རྒྱས་སོང་བས།  ཧྲན་ཏུང་ཞིང་ཆེན་གྱི་མཐོ་འབྲིང་གྲགས་ཅན་གྱི་མིང་ཐོབ་ཡོད།

ཁྲང་ལེ་སློབ་འབྲིང་གཉིས་པ་འདི་ལྟར་མཚན་སྙན་གྲགས་ཀྱིས་ཁྱབ་པའི་སློབ་གྲྭ་མིང་གྲགས་ཅན་དེ་ཡང་བཅོས་བསྒྱུར་བྱས་པས་རེད།

ཁྲང་ལེ་སློབ་འབྲིང་གཉིས་པས་ཐོག་མར་སློབ་མ་ལ་ཞིབ་འཇུག་བྱས་ཤིང་།  རང་སྦྱོང་གཙོར་འཛིན་པ་ནས་མགོ་བརྩམས།  བསླབ་ཚན་གསར་བ་བཅོས་བསྒྱུར་གྱི་རང་སྦྱོང་དང་མཉམ་ལས།  འཚོལ་ཞིབ་ཀྱི་ལྟ་བའི་ཁྲོད་ནས་བགྲོད་ལམ་བཙལ།

དེང་སྐབས།  བྱིས་པ་སློབ་འབྲིང་གཉིས་པར་བསྐྱེལ་རྒྱུ་ནི་ཁྱིམ་བདག་མང་ཤས་ཀྱི་ཕུགས་འདུན་ཡིན་ལ།  སློབ་འབྲིང་གཉིས་པའི་མི་ཡོད་ཚད་ཀྱིས་རྒྱུགས་འཕྲོད་ཚད་ལ་དོ་སྣང་ཆེན་པོ་བྱེད་ཀྱིན་མེད།  གལ་ཏེ་ཁྱོད་ཀྱིས་ནན་འདྲི་བྱས་པ་ཡིན་ན།  ཁྱོད་ལ་འདི་ལྟར་ལན་འདེབས་ངེས། མཐོ་རྒྱུགས་ནི་སློབ་གསོའི་ཞོར་ཐོན་ཐོན་རྫས་ཤིག་རེད།  མཐོ་རྒྱུགས་ནི་དོན་ངོ་མར་མི་གཤིས་རྒྱུགས་བླངས་པ་དང་།  སློབ་མའི་སློབ་སྦྱོང་གི་ནུས་པ་རྒྱུགས་བླངས་པ་རེད་ཟེར།

271རྣམ་པ་ནི་ཅི་ལྟ་བུ་ཞིག་ཡིན་ནམ།

271རྣམ་པ་ནི་སློབ་ཐུན་སྐར45དེ་གཉིས་བསྡུར་བདུན་བསྡུར་གཅིག་བསྡུར་གྱི་བསྡུར་ཚད་རེད།  10+30+5ལ་བགོས་པ་རེད།  དགེ་རྒན་གྱི་སློབ་ཁྲིད་དུས་ཚོད་དེ་བརྒྱ་ཆའི་20ལས་བརྒལ་མི་ཆོག་པ་དང་།  སློབ་མའི་རང་འགུལ་གྱི་སློབ་སྦྱོང་གིས་བརྒྱ་ཆའི70ཟིན་དགོས།  ལྷག་གི་བརྒྱ་ཆའི10དེ་ཐུན་རེ་རེའི་གྲུབ་འབྲས་ཚད་ལེན་ལ་བཀོལ་དགོས།

271རྣམ་པས་ད་དུང་སློབ་མའི་གྲུབ་སྟངས་ལ་ཁག་བགོས་བྱས་ཡོད་དེ།  བརྒྱ་ཆའི20ནི་ཕུལ་བྱུང་སློབ་མ་དང་།  བརྒྱ་ཆའི70ནི་སློབ་མ་དཀྱུས་མ།  བརྒྱ་ཆའི10དེ་གཞུག་སྐྱོང་སློབ་མར་ཁ་ཕྱོགས་དགོས་པ་དེ་རེད།  271རྣམ་པའི་སློབ་སྦྱོང་གི་ནང་དོན་གྱི་ཆ་ནས་འདི་ལྟར་མངོན་ཡོད་དེ།  བརྒྱ་ཆའི20ཡི་ཤེས་བྱ་ནི་མ་ཁྲིད་ཀྱང་སློབ་མས་རང་སྦྱོང་གིས་ཤེས་ཐུབ་པའི་ཁག་དང་།  བརྒྱ་ཆའི70ནི་གྲོས་བསྡུར་བྱས་ན་ཤེས་ཐུབ་པའི་ཁག་རེད།  བརྒྱ་ཆའི10དེ་སློབ་གྲོགས་ཕན་ཚུན་བར་སློབ་ཐུན་སྐབས་འགྲེམ་སྟོན་དང་། ཕན་ཚུན་དྲི་བ་དྲིས་ལན་འདེབས་པ།  དེའི་སྟེང་དགེ་རྒན་གྱིས་སྣེ་ཁྲིད་དང་མཛུབ་སྟོན།  ཡང་དང་བསྐྱར་དུ་སྦྱོང་བརྡར་བྱས་ན་གཟོད་ཤེས་ཐུབ་པའི་ཤེས་བྱའི་ཁག་ཡིན་པར་བཤད།

སློབ་ཁང་རེ་རེར་ཚན་ཆུང་གསུམ་ཡོད་དེ།  གཅིག་ནི་སྲིད་འཛིན་ཚན་ཆུང་དང་།  གཅིག་སློབ་དཔྱོད་ཚན་ཆུང་། གཞན་ཅིག་ནི་སློབ་སྦྱོང་ཚན་ཆུང་ངམ་སློབ་སྦྱོང་འགུལ་སྐྱོད་ཚན་ཆུང་བཅས་རེད།

རྣམ་པ་འདིས་ཁྲིད་ཟིན་གཉིས་མཉམ་དུ་ལག་བསྟར་བྱེད་ཀྱིན་ཡོད་དེ།  ཁྲིད་ཟིན་གཉིས་ནི་ཁྲིད་སྟོན་འཆར་འགོད་དང་སྦྱོང་བརྡར་འཆར་འགོད་རེད།  ཁྲིད་སྟོན་འཆར་འགོད་ཀྱིས་ལག་བསྟར་བྱེད་ཀྱིན་པ་ནི་རིམ་པ་བགར་བའི་རེ་འདུན་ཡིན།  རིམ་པ་བགར་ནས་སློབ་སྦྱོང་བྱེད་པ།  རིམ་པ་བགར་ནས་དམིགས་ཚད་འཇོག་པ།  རིམ་པ་བགར་ནས་ཚད་ལེན་པ།  རིམ་པ་བགར་ནས་སྦྱོང་བརྡར་བྱེད་པ་བཅས་རེད།

གདེང་འཇོག  སྔོན་གྱི་མཐོ་རྒྱུགས་སློབ་གྲྭ་གྲགས་ཅན་དེ་དེང་གི་སློབ་བསྒྱུར་སློབ་གྲྭ་གྲགས་ཅན་དུ་གྱུར་ཡོད།  ཁྲང་ལེ་སློབ་འབྲིང་གཉིས་པའི་སློབ་གཙོ་ཀྲའོ་ཡི་གདམས་ངག་ནི།  མཐོ་རྒྱུགས་ནི་དོན་ངོ་མར་མི་གཤིས་རྒྱུགས་བླངས་པ་དང་།  མཐོ་རྒྱུགས་ནི་སློབ་གསོའི་ཞོར་ཐོན་དངོས་རྫས་ཙམ་རེད།  ཁོ་ཚོས་བསླབ་ཚན་བཅོས་བསྒྱུར་ལ་བརྟེན་ནས་སློབ་རིམ་འཕར་བའི་གདམས་པ་རྙེད་པ་རེད།

 

གསུམ་པ།  ཧྲན་ཏུང་ཡྰན་ཀྲོའུ་སློབ་འབྲིང་དང་པོའི་སློབ་ཐུན་འཁོར་རྒྱུན་ཆེན་མོའི་རྣམ་པ།

 

ཏའོ་ལིང་ཁོའུ་ཉམས་མྱོང་དེ་མཐོ་འབྲིང་ལ་འཚམ་མམ།  མཐོ་འབྲིང་བསླབ་ཚན་བཅོས་བསྒྱུར་གྱི་འཇུག་སྒོ་ཇི་ལྟར་གདམ་གསེས་བྱེད་དགོས། ཇི་ལྟར་བྱས་ཏེ་བསླབ་ཚན་བཅོས་བསྒྱུར་ལ་གདོང་གཏད་རྒྱུ་དང་མཐོ་རྒྱུགས་ཀྱི་དགོས་མཁོ་སྐོངས་རྒྱུ།  རེ་འདུན་ལྟར་དཀའ་ཁག་སེལ་རྒྱུ།

ཧྲན་ཏུང་ཡྰན་ཀྲོའུ་སློབ་འབྲིང་དང་པོས་ཏའོ་ལིང་ཁོའུ་ཉམས་མྱོང་ལ་ལད་མོ་བྱས་པའི་རྨང་གཞིའི་སྟེང་། མཐོ་འབྲིང་སློབ་ཁྲིད་ཀྱི་ཁྱད་ཆོས་གཞིར་བཟུང་ནས།   རིམ་བཞིན་སློབ་ཐུན་འཁོར་རྒྱུན་ཆེན་མོའི་རྣམ་པར་གྲུབ།  སློབ་ཐུན་སྒྲིག་གཞིབཅོས་བསྒྱུར་ལ་བརྟེན་ནས། སྲོལ་རྒྱུན་ཀྱི་ཟུར་ཁྲིད་དང་ལས་བྱ་འབྲི་བ་སོགས་བསྐྱར་སྦྱོང་གི་ལམ་ལུགས་རྙིང་བ་བཅོས་བསྒྱུར་བྱས་ནས།  ཐུན་མཇུག་གི་བརྒྱུད་རིམ་ཐུན་མགོར་བསྒྱུར་བས།  ཐུན་མགོར་སྔོན་སྦྱོང་བྱེད་དགོས་པ་དང་།  ཐུན་རྗེས་ཀྱི་ལས་ཀ་ཐུན་གྱི་མགོར་བསྒྱུར་བས།  བསྐྱར་སྦྱོང་དེ་སྔོན་སྦྱོང་དུ་བསྒྱུར་བས་གསར་གཏོད་རང་བཞིན་གྱི་སྒོ་ནས་ཐུན་རྗེས་ཀྱི་ཕན་ནུས་མེད་པའི་གནད་དོན་སེལ་ཐུབ་སོང་།

སློབ་ཐུན་འཁོར་རྒྱུན་ཆེན་མོའི་རྣམ་པས་སློབ་ཐུན་ཁྲོད་ཀྱི་སློབ་མའི་སློབ་སྦྱོང་གི་རྣམ་པ་གཙོར་བཟུང་ནས།  སློབ་མས་དོགས་གཞི་ཁྱེར་ནས་སློབ་ཐུན་ལ་ཞུགས་པ་དང་།  རང་སྦྱོང་དང་ཕན་ཚུན་མཉམ་ལས།  ཚན་ཆུང་བགྲོ་གླེང་འཚོལ་ཞིབ་བཅས་ལ་བརྟེན་ནས་མཚར་སྣང་སློང་བ་དང་། དེར་མཐུད་ནས་སློབ་མའི་འགྲེམ་སྟོན་དང་བགྲོ་གླེང་བརྒྱུད་ནས་དོགས་གཞི་སེལ་བའི་ཐབས་ཤིག་རེད།

ཡྰན་ཀྲོའུ་སློབ་འབྲིང་དང་པོའི་སློབ་ཁྲིད་བཅོས་བསྒྱུར་གྱི་སྒྲིག་གཞིའི་འབུར་དུ་ཐོན་པའི་ལེགས་ཆ་ནི་སློབ་བསྒྱུར་རིག་གནས་ལ་དམིགས་པ་དང་།  ལྷག་པར་དུ་སློབ་མའི་རང་འགུལ་དང་གཙོ་གཞིའི་ནུས་པ་མཐོར་འདེགས་བཏང་བས་རེད།  ཁོ་ཚོས་སློབ་སྦྱོང་གི་དབང་ཆ་སློབ་མར་སྤྲད་པ་མ་ཟད། ཐ་ན་སློབ་གྲྭའི་བདག་དམ་གྱི་དབང་ཆའང་སློབ་མ་ལ་བྱིན་ཡོད།

འོ་ན་སློབ་ཐུན་འཁོར་རྒྱུན་ཆེན་མོའི་རྣམ་པ་ཅི་ལྟ་བུ་ཞིག་ཡིན་ཞེ་ན།

སློབ་ཐུན་འཁོར་རྒྱུན་ཆེན་མོའི་རྣམ་པས་སློབ་ཐུན་རིམ་པ་གཉིས་སུ་བགར་ཡོད་དེ།  35+10ནི་འགྲེམ་སྟོན་དང་སྔོན་སྦྱོང་རེད།  དེ་ལས་གོམ་སྟབས་གསུམ་དང་ཚན་པ་དྲུག་ནི་སློབ་ཐུན་གྱི་རྩ་འཛུགས་རྣམ་པ་ཞིག་ཡིན།  སྔོན་གྱི་སྐར35ནང་སློབ་ཐུན་འགྲེམ་སྟོན་གྱི་ནང་དོན་དང་ཐུན་གོང་མའི་རྗེས་ཀྱི་སྐར10དང་སློབ་གསེང་སྐབས་སུ་རང་འགུལ་གྱིས་སྔོན་སྦྱོང་བྱས་པའི་གྲུབ་འབྲས་རེད།  དེ་ལས་སྔོན་སྦྱོང་གི་ནང་དོན་ནི་ཐུན་རྗེས་མར་འགྲེམ་སྟོན་བྱ་རྒྱུའི་ནང་དོན་ཡིན།

ཁྲིད་སྟོན་འཆར་འགོད་ནི་སློབ་ཐུན་འཁོར་རྒྱུན་ཆེན་མོའི་གྲུབ་ཆ་གཙོ་བོ་ཡིན།  རྒྱུན་ལྡན་ལྟར་ན་གྲུབ་ཆ་འདི་དག་ཡོད་དེ།  སློབ་སྦྱོང་གི་དམིགས་ཚད།  སློབ་སྦྱོང་གི་འགན་ཁུར།  གཙོ་གནད་དཀའ་གནད།  སློབ་ཐབས་མཛུབ་སྟོན་བཅས་ཡོད།  དེ་དག་ཡང་བཞི་འགྱུར་བ་ཅན་དུ་སྒྲུབ་ཐུབ་དགོས་ཏེ།  ཤེས་བྱ་གནད་དོན་ཅན།  གནད་དོན་རིམ་པ་ཅན།  རིམ་པ་སྐས་རིམ་ཅན།  སྐས་རིམ་རིམ་བགྲོད་ཅན་བཅས་ཡིན།

ཁྲིད་སྟོན་འཆར་འགོད་དེ་རྒྱུན་པར་དཀའ་གནད་དང་།  ནང་དོན།  རྣམ་པའི་ཆ་ནས་ཀ་ཁ་ག་ང་རིམ་པ་བཞིར་བགར་ནས་ཇུས་འགོད་བྱེད་ཀྱིན་ཡོད།  ཀ་རིམ་པ་ནི་ངོས་འཛིན་རིགས་ཀྱི་ནང་དོན་ཡིན་པས།  རེ་འདུན་ལྟར་སློབ་མས་སློབ་ཐུན་མ་འཚོགས་སྔོན་ལ་ངེས་པར་དུ་སྒྲུབ་ཐུབ་དགོས།   ཁ་རིམ་པ་ནི་ཤེས་རྟོགས་ཀྱི་རིགས་ཡིན།  རེ་འདུན་ལྟར་སློབ་མས་ཤེས་བྱ་གསར་བ་དང་ཤེས་ཟིན་པ་གཉིས་ཀྱིས་འཚོ་བ་དང་ཟུང་དུ་སྦྲེལ་ནས་མཐའ་གསལ་མཐུལ་རྟོགས་བྱེད་ཐུབ་དགོས།  ག་རིམ་པ་ནི་བཀོལ་སྤྱོད་ཀྱི་རིགས་ཡིན།  འདྲི་གཞི་དང་གནད་དོན་ཐག་གཅོད་ཀྱིས་སྦྱངས་ཟིན་པ་བཀོལ་ཐུབ་པར་གཏོང་རྒྱུ་དེ་ཡིན།  ང་རིམ་པ་ནི་རྒྱ་བསྐྱེད་ཀྱི་རིམ་པ་ཡིན།  རེ་འདུན་ལྟར་སློབ་མས་ཤེས་བྱ་དང་ཉམས་མྱོང་དེ་སྤྱི་ཚོགས་དང་སློབ་དཔྱོད་གྲུབ་འབྲས་གསར་བར་འབྲེལ་ཐུབ་དགོས།

གདེང་འཇོག  སློབ་མའི་སློབ་སྦྱོང་གི་རྣམ་པ་ནས་མགོ་བརྩམས་ཏེ་བགྲོད་ལམ་གསར་བ་ཞིག་གསར་དུ་བཏོད།  སློབ་བསྒྱུར་གྱིས་སློབ་མ་རང་སྐྱོང་གི་བདག་དམ་རིག་གནས་ཤིག་ཆགས་པ་དང་།  སློབ་གསོའི་དམིགས་ཡུལ་དེ་ལྟ་གྲུབ་གསར་བ་ཞིག་ཆགས་པ་ནི་མི་མི་རུ་འགྱུར་རྒྱུ་དེ་རེད།

 

བཞི་བ། ཅང་སོའུ་ཀྰན་ནན་ཞིན་ཀྲི་སློབ་གྲྭའི་རང་སྦྱོང་དང་བགྲོ་གླེང་གི་རྣམ་པ།

 

ཞིན་ཀྲི་སློབ་གྲྭ་ནི་ཀྲུང་གོའི་གྲགས་ཅན་སློབ་གྲྭ་འཛུགས་གཉེར་བྱས་རྗེས་ཀྱི་ཚོད་ལྟའི་སློབ་གྲྭ་དང་པོ་རེད།

སློབ་གཙོ་ཞུའོ་ཞང་གིས་ཏའོ་ལིང་ཁོའུ་དང་འདྲ་རྐྱང་གིས་མི་ཆོག་བསམ་ཡོད་ལ།  དེ་བས་ཁོས་གཞུང་ལུགས་གསར་བ་ཞིག་གསར་གཏོད་བྱས།  ཁོས་བཤད་རྒྱུར་ཞིན་ཀྲིའི་སློབ་སྦྱོང་དེ་དཔེ་གཟུགས་འདྲ་བཤུས་ཀྱིས་མི་ཆོག་པར་ད་དུང་སློབ་གྲྭ་དང་དགེ་རྒན།  སློབ་མ་ལ་འཚམ་པ་ཞིག་ཡིན་དགོས་ལ།  འདྲ་བཤུས་ལས་བརྒལ་བ་ཞིག་ཀྱང་ཡིན་དགོས་ཟེར།

འདྲ་བཤུས་ལས་བརྒལ་ཞེས་པ་ནི་ཤ་འབུ་དེ་ཤུབས་ལས་དཀའ་སྡུག་གི་འཕག་འཚག་དང་ལྷོད་མེད་ཀྱི་བརྩོན་པ་ལས་རྒྱལ་ནས་ཕྱེ་མ་ལེབ་ཏུ་འགྱུར་བའི་བརྒྱུད་རིམ་ལ་དཔེ་དྲངས་པ་ཡིན་ལ།  དཀའ་ཁག་སེལ་ནས་ཐབས་ལམ་གསར་བ་གསར་གཏོད་བྱས་པ་ལ་གོ་དགོས།

དེ་བས་རང་འགུལ་སློབ་སྦྱོང་ཁྱད་ཆོས་ཀྱི་རྣམ་པ་དེ་ཞིན་ཀྲི་སློབ་གྲྭ་ནས་འཁྲུངས་པ་རེད།  འདིའི་རྣམ་པའི་ནང་རང་འགུལ་ནི་ལྟེ་བ་ཡིན།  སློབ་མའི་རང་སྦྱོང་དང་བགྲོ་གླེང་ནི་རང་འགུལ་རང་བཞིན་ཅན་ཞིག་ཡིན་དགོས།    རང་འགུལ་སློབ་སྦྱོང་ཁྱད་ཆོས་ཀྱི་རྣམ་པ་དེ་ལག་བསྟར་བྱས་པ་དང་བསྟུན་ནས་སློབ་མའི་སློབ་སྦྱོང་གི་ཁྲོད་རང་འགུལ་གྱི་ནུས་པ་འདོན་པ་གཙོ་གཞི་ཞིག་ཏུ་གྱུར་པར་རྟོགས་སད་བྱུང་བ་དང་། གཙོ་གཞི་འདིས་དགེ་རྒན་རྣམ་ལ་མངོན་མེད་ཀྱི་དཀའ་ལས་ཀྱང་མང་པོ་བཟོས་སོང་། སློབ་ཁྲིད་ཀྱི་རྣམ་པ་གསར་བའི་ཁྲོད་དགེ་རྒན་གྱི་གོམས་འགྲོས་སློབ་མ་དང་བསྡུར་ན་ཅུང་དལ་བས།  དེས་སློབ་མ་ཡར་རྒྱས་འགྲོ་བར་བཀག་རྒྱ་རབས་དང་རིམ་པ་བཟོས།  ཐ་ན་རང་ཉིད་དགེ་རྒན་གྱི་ནུས་པའང་ཉམས་པར་གྱུར།  མཚམས་རེར་ཁོ་ཚོ་མཐའ་མཚམས་ཀྱི་མི་རུ་གྱུར་ཟིན།  དེ་མ་ཡིན་པའི་རྣམ་པ་གཞན་ཡང་ཡོད་དེ།  དགེ་རྒན་རེ་གཉིས་སློབ་མའི་སློབ་སྦྱོང་གི་གོམ་འགྲོས་ཀྱི་རྗེས་མི་ཆོད་པའང་ཡོད།  ཁོ་ཚོའི་ཤེས་བྱས་སློབ་མའི་སློབ་སྦྱོང་གི་དགོས་མཁོ་སྐོངས་མི་ཐུབ།  ཇི་ལྟར་བྱ།  ཞུའོ་ཞང་གིས་བཤད་རྒྱུར།   བཅོས་བསྒྱུར་མཐའ་ལ་ཐུག་པ་ཞིག་བྱེད་དགོས་ཏེ།  སློབ་མའི་སློབ་སྦྱོང་གི་དབང་ཆ་དང་སློབ་ཐུན་གྱི་བར་སྟོང་སློབ་མ་ལ་བྱིན་པ་དང་།  དགེ་རྒན་སློབ་ཐུན་ཁྲོད་མི་ཞུགས་རྒྱུ་དེ་རེད།

ཞུའོ་ཞང་གིས་བཤད་རྒྱུར།  ཇི་ལྟ་བའི་སློབ་གསོ་ཞིག་ཡིན་ཡང་།  མགོ་ནས་སློབ་གསོའི་ཆོས་ཉིད་ལ་བརྩི་འཇོག་བྱས་ཏེ་བཅོས་བསྒྱུར་བྱས་ན་ལམ་སྐབས་ནས་ཏའོ་ལིང་ཁོའུ་ལྟ་བུ་ལ་ཐུག་ཁོ་ཐག་རེད་ཟེར།

རང་སྦྱོང་། བགྲོ་གླེང་གི་སློབ་སྦྱོང་རྣམ་པ་ནི་ཇི་ལྟ་བུ་ཞིག་ཡིན་ནམ།

ཉིན་གཅིག་གི་སྔོན་ལ་སློབ་གཞི་སློབ་མ་ལ་བཀྲམ་ནས།  ཞིན་ཀྲི་སློབ་གྲྭའི་སློབ་མས་རང་སྦྱོང་བྱེད་པའི་བརྒྱུད་རིམ་མགོ་བརྩམས་པ་དང་།  སྔོན་གྱི་སློབ་མའི་བསམ་གཞིག་གི་རང་དབང་ལ་བརྟེན་ནས་རང་སྦྱོང་བྱེད་པ་དེ་བགྲོ་གླེང་གི་ཐབས་ལ་བསྒྱུར་བ་དང་།

ཞིན་ཀྲིས་སློབ་མའི་རང་སྦྱོང་ལ་རེ་འདུན་གྱི་རིམ་པ་གསུམ་བཏོན་ཡོད་དེ།  གཅིག་ནི་དགེ་རྒན་གྱིས་བཏོན་པའི་སློབ་གཞིའི་སྟེང་གི་ཤེས་རྟོགས་དང་རྒྱུས་ལོན་ཐུབ་དགོས་ཤེས་བྱ་དང་ཞིབ་གཤེར་བྱ་རྒྱུའི་ནུས་རྩལ་སོགས་ཀྱི་འདྲི་གཞི་ཐག་གཅོད་ཐུབ་རྒྱུ་དང་། གཉིས་ནི་སློབ་གཞིའི་ཁྲོད་བྱུང་བའི་འདྲི་གཞིར་དོགས་སློང་བྱས་པ་བརྒྱུད་ནས་རང་ཉིད་ཀྱིས་དྲི་བ་འདོན་ཤེས་རྒྱུ་དང་།  གནད་དོན་ལ་འཕྲད་སྐབས་ཐག་གཅོད་དང་ཁ་གསབ།  འཐུས་ཚང་གཏོང་ཐུབ་དགོས།   གསུམ་ནི་བསླབ་དེབ་ཁྲོད་ཀྱི་དོན་དངོས་དང་ཕྱོགས་སྡོམ་ལ་ཁས་མི་ལེན་པར་རང་ཉིད་ལ་དེ་དང་མི་འདྲ་བའི་གོ་བ་ཡོད་དགོས་ལ་ཕྱོགས་སྡོམ་བྱ་ཐུབ་དགོས།

གདེང་འཇོག  ཆེས་སྔོན་མར་འདྲ་བཤུས་བྱས་པའི་སློབ་གྲྭ་དེ་ལེན་ཡོན་ཀྰང་གྲོང་ཁྱེར་གྱི་སློབ་གྲྭ་གྲགས་ཅན་དུ་གྱུར་སོང་།  སྒེར་ཡོད་ཀྱི་རང་སྦྱོང་དང་བགྲོ་གླེང་གི་རྣམ་པས་སློབ་ཐུན་སློབ་མ་ལ་བྱིན་པ་དང་།  སློབ་མའི་སློབ་སྦྱོང་གི་སྤྲོ་སྣང་དང་སློབ་སྦྱོང་གི་ནུས་པ་གསོ་སྐྱོང་བྱས་ཏེ་བསམ་གཞིག་གི་ནུས་པ་བསྐྱེད་བསྲིང་བྱས་སོང་།

 

ལྔ་བ།  ཧུའུ་པེ་ཝེ་ཁྲང་ཐེན་ཧྥེ་སློབ་འབྲིང་གི་སྡེ་ཚན་ཆེ་བའི་སློབ་ཁྲིད་རྣམ་པ།

 

ཞིན་ཀྲིའི་སློབ་གཙོ་ཞའེ་ཞང་དང་འདྲ་བར།  ཐེན་ཧླེ་སློབ་འབྲིང་གི་སློབ་གཙོ་ཧོ་ཀྲི་རྨིན་ལ་སློབ་སྦྱོང་དང་འདྲ་བཤུས་ཞེས་པའི་འདོད་ཚུལ་གསར་བ་ཞིག་ཡོད་པའི་སློབ་གཙོ་ཞིག་རེད།     རྒྱུ་རྐྱེན་ནི་འདྲ་བཤུས་དེ་ཇི་བཞིན་དུ་ལད་མོ་མི་བྱེད་པ་དེ་རེད།  ཐེན་ཧྥེ་སློབ་འབྲིང་གི་སློབ་བསྒྱུར་དེ་ཧ་ཅང་མྱུར་མོའི་ངང་གྲུབ་འབྲས་གསར་བ་བླངས།  འབྲིང་རྒྱུགས་ཁྲོད་ཀྱི་རྒྱུགས་འབྲས་དེ་རྫོང་ཡོངས་ཀྱི་ཨང་དང་པོ་ཡིན་པ་མ་ཟད།  བསླབ་ཚན་གཙོ་བོ་བཞིའི་རྒྱུགས་འབྲས་ཁྲིན་ཏི་གྲོང་ཁྱེར་གྱི་ཨང་དང་པོ་རེད།

དེང་སྐབས།  ཐེན་ཧྥེ་སློབ་འབྲིང་ལ་ཉིན་རེར་རྒྱལ་ནང་གི་ས་ཕྱོགས་སོ་སོ་ནས་ལྟ་ཞིབ་སློབ་སྦྱོང་ལ་ཡོང་བའི་དགེ་རྒན་རྒྱུན་ཆད་རྒྱུ་མེད།  ཏའོ་ལིང་ཁོའུ་ལ་ལད་མོ་བྱས་པ་དེ་ལས་བརྒལ་བའི་སྡེ་ཚན་ཆེ་བའི་སློབ་ཁྲིད་ཀྱི་རྣམ་པ་ནི།  བསླབ་ཚན་བཅོས་བསྒྱུར་གྱི་དོན་སྙིང་ཧ་ཅང་ཟབ་པས་རྒྱ་ཆེ་བའི་སློབ་གསོའི་སྡེ་ཁག་གིས་དོ་ཁུར་བྱས་པས་དེང་རབས་ཀྱི་ཆེས་སྔོན་ཐོན་གྱི་སློབ་བསྒྱུར་ལྟ་བ་ཞེས་པའི་མིང་ཐོགས།

སློབ་མ་ཚོས་གདེང་འཇོག་འདི་ལྟར་བྱ་སྟེ།  འདི་ལྟ་བའི་སློབ་ཐུན་ཁྲོད་སློབ་སྦྱོང་ནི་དཀའ་ཁག་ཆེ་བའི་ལས་ཀ་ཞིག་མིན་པའི་ཚོར་བ་བྱིན་སོང་།  སྔོན་ཆད་སློབ་ཐུན་འཚོགས་པར་སྐྲག  ད་བར་སློབ་ཐུན་འཚོགས་པར་དགའ་ཟེར། འདི་ལྟ་བའི་སློབ་ཐུན་ཁྲོད་ཤེས་བྱ་སྦྱངས་ཐུབ་པ་མ་ཟད། བཤད་ཕོད་པ་དང་སྒྲུབ་ཕོད་པའི་ནུས་པ་དང་སྙིང་སྟོབས་བསྐྱེད་བསྲིང་བྱས་སོང་།  ངལ་གསོའི་ཉིན་གཅིག་ལས་མེད་ཀྱང་ངས་མྱུར་དུ་སློབ་གྲྭ་དྲན་འོངས་ཟེར།

ཐེན་ཧྥེ་རིག་གནས་ལས་ཆེས་འབུར་དུ་ཐོན་པ་ནི་ཁོ་ཚོས་གསར་གཏོད་བྱས་པའི་ནུས་ཕྱོད་ཆེ་བའི་སློབ་ཐུན་གྱིས་འཛིན་གྲྭའི་རིག་གནས་སྐོར་འགྲེམ་བྱེད་པ་དེ་རེད།  གཟའ་པ་སངས་ཕྱི་དྲོ་འཛིན་གྲྭ་རེ་རེས་སྣ་ཚོགས་པའི་རིག་རྩལ་འཁྲབ་སྟོན་བྱས་ནས་འཛིན་གྲྭ་གང་གི་རིག་རྩལ་འཁྲབ་སྟོན་བྱས་པ་བཟང་བར་གཤིབ་བསྡུར་བྱས་པ་རེད།

སྡེ་ཚན་ཆེ་བའི་སློབ་ཁྲིད་རྣམ་པ་ནི་ཇི་ལྟ་བུ་ཞིག་ཡིན་ནམ།

སྡེ་ཚན་ཆེ་བའི་སློབ་ཁྲིད་རྣམ་པ་ལ་ཁྱད་ཆོས་ཆེན་པོ་གསུམ་ཡོད།  ཕྱོགས་བསྡུས་ཆེན་པོ།  གནས་སྤོར་ཆེན་པོ།  གསལ་རྟོགས་ཆེན་པོ།  དོན་དངོས་སུ་རྣམ་པ་གསུམ་དང་གོམས་སྟབས་དྲུག  བགྲོ་གླེང་གཅིག་གིས་གྲུབ།

སྡེ་ཚན་ཆེ་བའི་སློབ་ཁྲིད་རྣམ་པའི་ཁྲོད་ལྟེ་བ་ནི་འགྲེམ་སྟོན་སློབ་གསོ་ཡིན།  སྔོན་སྦྱོང་འགྲེམ་སྟོན་གྱི་བརྒྱུད་རིམ་ཁྲོད་སྔོན་ལ་སློབ་མས་བརྒྱ་ཆའི70ནས80ཡི་དམིགས་ཚད་ཤེས་རྟོགས་ཐུབ་དགོས།  དེར་མ་ཟད་ཚན་ཆུང་ནང་ཁུལ་དུ་ཚན་གཙོས་སྣེ་ཁྲིད་དེ།  སློབ་མ་རེ་རེས་རང་ཉིད་ཀྱི་སློབ་སྦྱོང་གི་གྲུབ་འབྲས་འགྲེམ་སྟོན་བྱེད་དགོས།   མཐོར་འདེགས་འགྲེམ་སྟོན་གྱི་བརྒྱུད་རིམ་ཁྲོད་ཚན་ཆུང་མཉམ་ལས་ཀྱིས་སློབ་སྦྱོང་གི་གྲུབ་འབྲས་འགྲེམ་སྟོན་བྱེད་དགོས།  དགེ་རྒན་གྱི་འདྲི་རྩད་དང་དོགས་སློང་བརྒྱུད་ནས་སློབ་སྦྱོང་གི་དམིགས་ཚད་ཁ་ཇེ་གསལ་བྱེད་པ་དང་།  རྒྱ་བསྐྱེད་ལ་བརྟེན་ནས་འབྲེལ་ཡོད་ནང་དོན་མང་ཙམ་ངེས་སུ་བཅུག་ནས་སློབ་མས་གཅིག་ཤེས་ཀུན་གྲོལ་གྱི་ཚད་ལ་ཐོན་པར་བྱས་ཏེ་དམིགས་ཚད་མཐོར་འདེགས་གཏོང་དགོས།  སྲ་བརྟན་འགྲེམ་སྟོན་གྱི་བརྒྱུད་རིམ་ཁྲོད་བསླབ་བྱའི་ཤེས་བྱ་བསྐྱར་གྲུབ་བྱེད་ཐུབ་པར་སྙེག་རྒྱུ་དང་།  དགེ་རྒན་གྱི་བསམ་ཚུལ་ངོ་མཚར་ཅན་ལ་བརྟེན་ནས་སློབ་མའི་ལྟ་བ་གསར་བ་འགྲེམ་སྟོན་དང་འདོད་ཚུལ་མི་གཅིག་པ་འགྲེལ་བཤད་བརྒྱུད་ནས་སློབ་མས་སློབ་མ་སྐྱོང་བ་དང་སློབ་མས་སློབ་མར་ཁྲིད་པ།  སློབ་མས་སློབ་མ་འཇོན་ནུས་ཅན་དུ་གཏོང་བའི་བརྒྱུད་རིམ་ཁྱོད་བསླབས་ཟིན་པའི་ནང་དོན་སྲ་བརྟན་གཏོང་བའི་བརྒྱུད་རིམ་ཞིག་ཡིན།

གདེང་འཇོག  སྡེ་ཚན་ཆེ་བའི་སློབ་ཁྲིད་རྣམ་པ་དེ་ཚད་བརྒལ་ལས་བགྲེངས་སྟེ།  སྲོལ་རྒྱུན་གྱི་སློབ་ཁྲིད་ཁྲོད་གནས་པའི་བསླབ་དེབ་སྒྲིག་པ་དང་སློབ་ཐུན་བཀོད་སྒྲིག  སློབ་སྐབས་ཀྱི་འཆར་གཞི། སློབ་ལོའི་འགན་ཁུར་སོགས་བསྐྱར་བསྒྲིགས་བྱས་ནས་སློབ་དེབ་ཀྱི་སྤྱིའི་ཚོར་བར་ཁ་ལོ་བསྒྱུར་བ་མངོན་འགྱུར་བྱུང་།

 

དྲུག་པ།  ལའོ་ཉིན་ཧྲིན་དབྱང་ལེ་རིན་སློབ་གྲྭའི་སྤྱིའི་སློབ་ཁྲིད་མ་ལག་དང་124རྣམ་པ། 

 

སློབ་གསོས་རྒྱུགས་འབྲས་ལ་བརྟེན་ནས་སློབ་གསོའི་བཟང་ངན་ཐག་བཅད་ན་གཏན་ནས་མི་འགྲིག  འོན་ཀྱང་ལེ་རིན་སློབ་གྲྭའི་སློབ་འཕར་རྒྱུགས་འབྲས་བཟང་བ་ཧྲིན་དབྱང་གྲོང་ཁྱེར་གྱི་གཏམ་བཟང་དུ་གྱུར་ཡོད།  སློབ་གྲྭ་འདིའི་འབྲིང་རྒྱུགས་ཁྲོད་རྫོང་ཡོངས་ཀྱི་ཆ་སྙོམས་སྐར་གྲངས་ལས273ཀྱིས་མཐོ་བ་བླངས།

ལེ་རིན་སློབ་གྲྭའི་མཐོ་རྒྱུགས་རྒྱུགས་འཕྲོད་ཚད་དེ་ནམ་རྒྱུན་ཇི་ལྟར་བྱས་ནས་སློབ་མས་སློབ་པར་སླ་བ་དང་སློབ་པར་སྤྲོ་སྣང་ལྡན་པ།  སློབ་པར་ནུས་ཕྱོད་མཐོ་བ་ཞིག་ལ་ཞིབ་འཇུག་བྱས་ནས་ཐོན་པ་རེད།

ལེ་རིན་སློབ་གྲྭས་ཐོག་མར་མིའི་སྟེང་ལ་བབ་པ་དང་།  ལེ་རིན་སློབ་གྲྭས་ལས་བྱ་གཅིག་ཀྱང་མེད་པ་མངོན་འགྱུར་བྱུང་བ་དེའི་རྒྱུ་རྐྱེན་ནི་ཁོ་ཚོས་སློབ་ཐུན་སྐབས་ཀྱི་སྐར་གཅིག་གི་དུས་ཚོད་འཕྲོ་བརླག་མེད་པར་ཕན་ནུས་ཐོན་པར་ཡིད་ཆེས་ཡོད་པ་དང་།  སློབ་ཐུན་སྐབས་ཀྱི་ནོར་སྐྱོན་དེ་སློབ་ཐུན་ཕྱི་ནས་ཁ་གསབ་གཏོང་བའི་དགོས་པ་མེད་པར་གླེང་།

ལེ་རིན་སློབ་གྲྭའི་སློབ་ཐུན་ཁྲོད་འགྱུར་བ་དྲུག་ལེགས་འགྲུབ་བྱུང་།  དགེ་རྒན་གྱི་འཆད་པ་དེ་སློབ་མས་སྒྲུབ་པར་བསྒྱུར་བ།  སློབ་མས་སྒྲུབ་པའི་སྐབས་བསམ་གཞིག་གཏོང་བ།  རང་འགུལ་གྱིས་འཚོལ་ཞིབ་བྱེད་པ།  དགེ་རྒན་གྱིས་ཁྲིད་པ་དེ་སློབ་པར་བསྒྱུར་བ།  ཤེས་བྱ་བརྒྱུད་སྤྲོད་བྱེད་པ་དེ་སློབ་སྦྱོང་གི་ཐབས་ལམ་མཛུབ་སྟོན་དུ་བསྒྱུར་བ།  ཐུན་མོང་གིས་རིག་པ་བསྒྲིམས་ནས་ལས་བྱ་དག་བཅོས་བྱེད་པ་དེ་ཐུན་མོང་གིས་ནན་ཏན་གྱིས་སློབ་ཁྲིད་གྲ་སྒྲིག་བྱེད་པར་བསྒྱུར་བ།  དགེ་རྒན་ཁྲིད་སྟེགས་ལས་བབ་ནས་སློབ་མའི་བྱ་འགུལ་དུ་ཞུགས་པ།  སློབ་མ་ཁྲིད་སྟེགས་སྟེང་བུད་ནས་འགྲེམ་སྟོན་བྱེད་པ།  དགེ་རྒན་སློབ་མའི་ཁྲོད་ཞུགས་ནས་འདྲི་གཞི་ཞིབ་པར་བདམས་པ་དང་།  སློབ་མས་འཚོལ་ཞིབ་གསར་གཏོད་བྱེད་པ་སོགས་ཀྱི་འགྱུར་བ་བཏང་།

ཀྲུང་གོའི་སློབ་གསོའི་རིག་གཞུང་ལྷན་ཚོགས་དམའ་འབྲིང་ཆེད་ལས་ཨུ་ཡོན་ཚོགས་པའི་ཚོགས་གཙོ་ལེ་ཅིན་ཐའོ་ཡིས་བཤད་རྒྱུར། ལེ་རིན་སློབ་གྲྭས་སློབ་ཐུན་ཁྲོད་ཐག་གཅོད་བཟང་པོ་གསུམ་བྱེད་ཐུབ་སོང་།  གཅིག་ནི་གསོན་ཤུགས་དང་དོན་དངོས།  གཉིས་ནི་འགུལ་བ་དང་འཇགས་པ།  གསུམ་ནི་གྲུབ་འབྲས་དང་རང་དབང་རེད་ཟེར།

སྤྱིའི་སློབ་ཁྲིད་མ་ལག་དང་124རྣམ་པ་ནི་ཇི་ལྟ་བུ་ཞིག་ཡིན་ནམ།

སྤྱིའི་སློབ་ཁྲིད་མ་ལག་ཁྲོད་ཁྱོན་ཡོངས་ནས་སྡེབ་སྒྲིག་དང་ཁྲིད་གཞི་གཉིས་ཆ་མཐུན་པ།  རྣམ་པ་གཉིས་དང་གོམ་སྟབས་བཞི་བཅས་སྒྲོམ་གཞི་གསུམ་གྱིས་གྲུབ།

སྤྱིའི་སློབ་ཁྲིད་ནི་ཁ་སྣོན་གསུམ་དང་སྣེ་ཁྲིད་གསུམ་འཁོར་བསྐྱོད་ཀྱི་རྣམ་པའི་སློབ་ཁྲིད་བརྒྱུད་རིམ་ཡིན།

གཅིག་ནི་དགེ་རྒན་གྱི་ཤེས་བྱའི་མཛུབ་སྟོན་རི་མོ་ཁ་སྣོན་དང་།  མཛུབ་སྟོན་ཁྲིད་གཞི་སྒྲིག་བཟོ་དང་རི་མོར་བརྟེན་ནས་མཛུབ་ཁྲིད་བྱེད་པ།  གཉིས་ནི་དགེ་རྒན་གྱིས་མཛུབ་སྟོན་ཁྲིད་གཞི་ཁ་སྣོན་གྱིས་སློབ་ཁྲིད་ལག་བསྟར་བྱེད་པ།  མཛུབ་སྟོན་ཁྲིད་གཞི་ལྟར་སློབ་པ།  གསུམ་ནི་སློབ་མའི་སློབ་གཞི་ཁ་སྣོན་བྱེད་པ།  ཤེས་རྟོགས་དང་བཀོལ་སྤྱོད།  ཕྱོགས་བསྡུས་དང་སྤྱི་སྡོམ། སློབ་སྦྱོང་གི་མཛུབ་སྟོན་རི་མོར་གྲུབ་པ།  སློབ་པར་མཛུབ་ཁྲིད་རི་མོ་འགོད་པ།

ཁྱོན་ཡོངས་ནས་སྡེབ་སྒྲིག་ནི་བསླབ་དེབ་སྡེབ་སྒྲིག་དང་ཁྱོན་ཡོངས་མངོན་པ།  ཁྱོན་ཡོངས་མཉམ་སྡེབ།  ཁྱོན་ཡོངས་ནས་སྒྲུབ་པ།  ཁྱོན་ཡོངས་ནས་ཞིབ་གཤེར་བཅས་ཕྱོགས་ལྔ་འདུས།

124རྣམ་པ་ལས་1ནི་སྡེབ་སྒྲིག་བྱས་རྗེས་ཀྱི་སློབ་ཐུན་གཅིག་གི་ཁྲིད་བྱའི་ནང་དོན།  2ནི་རང་སྦྱོང་སློབ་ཐུན་དང་ཞིབ་བཤེར་སློབ་ཐུན་གཉིས་གྱི་རྣམ་པ།  4ནི་སློབ་ཁྲིད་བརྒྱུད་རིམ་ཆེན་པོ་བཞི་ཡིན།  དམིགས་ཚད་གསལ་འདོན།  རང་སྦྱོང་མཛུབ་སྟོན།  མཉམ་ལས་འཚོལ་ཞིབ།  སྦྱོང་བརྡར་ཞིབ་བཤེར་བཅས་རེད།

གདེང་འཇོག  བསླབ་དེབ་སྡེབ་སྒྲིག་ནས་ཁྱོན་ཡོངས་མངོན་པ།  ཁྱོན་ཡོངས་མཉམ་སྡེབ།  ཁྱོན་ཡོངས་ནས་སྒྲུབ་པ།  ཁྱོན་ཡོངས་ནས་ཞིབ་གཤེར་གྱིས་ལེ་རིན་སློབ་གྲྭའི་སྤྱིའི་སློབ་ཁྲིད་མ་ལག་གྲུབ་ལ།  དགེ་སློབ་གཉིས་ལ་ཁྲིད་དང་སློབ་པའི་བརྒྱུད་རིམ་ཁྲོད་སློབ་ཐུན་ནི་ལོངས་སྤྱོད་ཅིག་ཡིན་ལ།  སློབ་ཐུན་ལེགས་འགྲུབ་ཀྱི་ལམ་དུ་ཡང་བསྐྱར་ཞུགས་ཐུབ་སོང་ངོ་། །

 

བདུན་པ།  ཅང་ཞི་ཝོ་ཉིན་ཉིན་ཏྰ་སློབ་འབྲིང་གི་རང་འགུལ་སྒོ་འབྱེད་རྣམ་པའི་སློབ་ཐུན།

 

ཏའོ་ལིང་ཁོའུ་རྣམ་པ་དང་ཅུང་འདྲ་བར་སྣང་བའི་ཉིན་ཏྰ་སློབ་འབྲིང་གི་རྣམ་པ་དར་ཆེ་བས་ཀུན་གྱིས་ཉིན་ཏྰའི་རྣམ་པ་ཟེར།

ཉིན་ཏྰ་ལ་དོན་ངོ་མར་ཉམས་མྱོང་ག་འདྲ་ཞིག་ཡོད་དམ།   ཉིན་ཏྰའི་ཉམས་མྱོང་དེ་ལད་མོ་ཡིན་ནམ།  ཏའོ་ལིང་ཁོའུ་པར་བཤུས་ཡིན།  ཡང་ན་ཏའོ་ལིང་ཁོའུ་ཉམས་མྱོང་གི་རྒྱུད་འཛིན་གྱིས་ཆགས་པ་ཤིག་ཡིན་པའི་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བ་ཞིག་ཡིན།

ཉིན་ཏྰའི་ཉམས་མྱོང་དེ་དོན་དངོས་སུ་སློབ་སྦྱོང་གི་དབང་ཆ་སློབ་མ་ལ་བྱིན་པ་དེ་ཡིན།

ཀྲང་ཞང་ལེ་སློབ་གཙོས་བཤད་མྱོང་བའི་གདམས་པ་ནི། སློབ་གསོ་ནི་ངེས་པར་དུ་ཡར་རྒྱས་དང་འགྱུར་བ་འགྲོ་དགོས།  བསླབ་བསྒྱུར་བྱེད་ན།  རྔ་མ་འདྲུད་ཀྱིན་པའི་མི་དང་འདྲ་བའི་སྤྲ་རིགས་དེ་མི་བྱ་རྒྱུ་དེའོ ། །

ཁོ་ཏའོ་ལིང་ཁོའུ་ལ་ཐེངས་བདུན་སོང་མྱོང་།  སློབ་སྒྲུབ་རྒྱུད་སྤུས་མཐོར་འདེགས་གཏོང་དགོས་ན།  ངེས་པར་དུ་ནུས་ཕྱོད་མཐོ་བའི་སློབ་ཐུན་ཁྲོད་ནས་སྒྲུབ་དགོས།  སློབ་ཐུན་རྒྱུས་སྤུས་ལེགས་ན།  ད་གཟོད་སློབ་མའི་རྒྱུགས་བསྟུན་སློབ་གསོའི་རྣམ་པའི་ཁྲོད་ནས་བཅིངས་འགྲོལ་གཏོང་ཐུབ།  ལྟ་བ་འདི་ཀྲུང་གོའི་མིང་གྲགས་ཆེ་བའི་ཐུན་མོང་རྩ་འཛུགས་ཀྱི་སློབ་གྲྭའི་སློབ་གཙོ་དག་དང་ཁ་མཐུན་དུ་ཡོད།

གནད་དོན་ཡོད་པའི་བྱིས་པ་ནི་ནད་ཡོད་པའི་བྱིས་པར་ལྟ་བའི་སློབ་གསོའི་ལྟ་བ་ཞིག་ཁོ་ཚོས་བཏོན། ཁོ་ཚོས་ཐབས་བརྒྱ་ཇུས་སྟོང་གིས་བྱིས་པ་རེ་རེ་སད་དུ་འཇུག་གིན་ཡོད་ལ།  བྱིས་པ་རེ་རེ་སློབ་སྦྱོང་གི་བདག་པོ་ངོ་མ་ཞིག་ཏུ་འབད་པས་སྐྱོང་བཞིན་ཡོད།

དེང་སྐབས་གང་འདོད་ཀྱིས་ཉིན་ཏྰ་སློབ་འབྲིང་གི་སློབ་ཁང་རེ་རེར་སོང་ན།  སློབ་སྦྱོང་གི་རང་འདེམ་ཚོང་ར་ཞིག་ལ་ཐོན་པ་ལྟར་སློབ་སྦྱོང་གི་ཁ་དབུགས་སྟུག་པོས་ཁྱབ་ཡོད།  ཕལ་ཆེར་ཏའོ་ལིང་ཁོའུ་སློབ་འབྲིང་གི་མཚེ་མའི་སློབ་ཐུན་དང་འདྲ།

རང་འགུལ་སྒོ་འབྱེད་རྣམ་པའི་སློབ་ཐུན།

ཉིན་ཏྰ་སློབ་འབྲིང་གི་རང་འགུལ་སྒོ་འབྱེད་རྣམ་པའི་སློབ་ཐུན་ནི་སློབ་ཐུན་ལག་ལེན་བྱེད་པའི་སྒྲོམ་གཞི་བཞི་ཡོད་དེ།  རང་སྦྱོང་།  བགྲོ་གླེང་།  ཕྱིར་རྟོག  སྲ་བརྟན་རྒྱ་བསྐྱེད་དོ ། །

སློབ་ཐུན་དེ་སྒྲོམ་གཞི་གསུམ་དུ་བགོས་ཡོད།  སྔོན་སྦྱོང་དང་།   འགྲེམ་སྟོན།  ཚད་ལེན་ཡིན།  སློབ་ཐུན་སྒྲོམ་གཞི་གསུམ་པོ་དེ་དུས་ཚོད་ལྟར་བགོས་ན།  སྐར15+སྐར་25+སྐར5རེད།

སློབ་སྦྱོང་གི་ཚན་ཆུང་དེ་གཞི་རྩའི་མཉམ་ལས་སྡེ་ཁག་བྱས་ཏེ།  སློབ་ཁང་རེར་ཚན་ཆུང་9རེ་ཡོད།  ཚན་ཆུང་རེ་རེ་སློབ་སྦྱོང་བཟང་བ།  ཅུང་བཟང་བ།  ཕལ་བ་བཅས་ལ་གཞིགས་ནས་རིམ་པ་གསུམ་མཉམ་སྡེབ་ཀྱིས་ཚན་ཆུང་རེར་མི་དྲུག་ནས་བརྒྱད་ཡོད།  ཚན་ཆུང་རེར་ཚན་གཙོ་གཅིག་དང་ཚན་གཙོ་བཞོན་པ་གཉིས་ཡོད།

སྔོན་སྦྱོང་སྐབས་ཀྱི་སློབ་སྦྱོང་གི་དམིགས་ཚད་ལ་སློབ་ཐུན་ཕྱོགས་སྟོན་ཟེར།  སློབ་ཐུན་ཕྱོགས་སྟོན་དེ་གཙོ་བོ་ཁག་ལྔས་གྲུབ་ཡོད།  གཅིག་ནི་སློབ་སྦྱོང་གི་དམིགས་ཚད་དང་།  གཉིས།  གཙོ་གནད་དང་དཀའ་གནད།  གསུམ།  སློབ་སྦྱོང་གི་བརྒྱུད་རིམ།  བཞི།  ཐུན་ཐོག་ཚད་ལེན།  ལྔ།  རྒྱ་བསྐྱེད་མཐོར་འདེགས་བཅས་རེད།

གདེང་འཇོག  སློབ་གྲྭ་འདིར་སྔོན་ཆད་སྙིགས་རོ་འཐུ་བའི་སློབ་གྲྭ་ཞེས་པའི་མིང་ཐོགས་མྱོང་།  འོན་ཀྱང་ད་སྐབས་ཉིན་ཏྰ་སློབ་འབྲིང་དེ་རྒྱལ་ཡོངས་ཀྱི་སློབ་བསྒྱུར་སློབ་གྲྭ་མིང་གྲགས་ཅན་ཏུ་གྱུར་ཡོད་ལ།  ས་ཁུལ་དེའི་སློབ་མའི་རེ་སྨོན་བྱེད་སའི་སློབ་གྲྭར་གྱུར།  རང་འགུལ་སྒོ་འབྱེད་ནི་སློབ་བསྒྱུར་གྱི་རིན་ཐང་ངོ་མ་ཡིན་ལ།  བྱིས་པ་རེ་རེ་སློབ་སྦྱོང་གི་བདག་པོ་ངོ་མ་རུ་གྱུར་ཡོད།

 

བརྒྱད་པ།  ཧུ་ནན་ཀྲིན་ཀྲོའུ་སློབ་འབྲིང་102པའི་དྲ་རྒྱའི་ཁོར་ཡུག་འོག་གི་རང་འགུལ་སློབ་ཐུན།

 

ད་ལོའི་ཚོགས་ཆེན་གཉིས་ཀྱི་སྐབས་སུ།  ཞང་ཀང་གི་རིག་གཞུང་སྣ་འཛོམས་ཚགས་པར་སྟེང་ཀྲིན་ཀྲོའུ་སློབ་འབྲིང་102པའི་སློབ་བསྒྱུར་དོན་རྐྱེན་ཞིབ་བཤེར་བརྗོད་གཞི་བྱས་ནས་སློབ་འབྲིང་102པའི་སློབ་ཐུན་བཅོས་བསྒྱུར་གསལ་བསྒྲགས་བྱས་པས་འབྲེལ་ཡོད་འགོ་ཁྲིད་རྣམ་པས་ཚད་མཐོ་བའི་སྒོ་ནས་དོ་ཁུར་བྱས།

འཛིན་གྲྭའི་མི་གྲངས་མང་པས་སློབ་ཐུན་བཅོས་བསྒྱུར་ལག་བསྟར་ཇི་ལྟར་བྱེད་དམ།  སློབ་གཙོ་ཚའེ་ཀྲིན་ཞེས་བཤད་རྒྱུར། དངོས་པོ་གཅིག་བཙལ་ནས་སྒོ་སམ་གྱི་ཚབ་བྱེད་དགོས་ལ།  དངོས་པོ་དེའི་མིང་ལ་གློག་རྡུལ་པང་ལེབ་ཟེར་ཞེས་བཤད།

ཁོ་ཚོས་སློབ་གྲྭའི་ཁོར་ཡུག་ཞིང་ཆེན་ན་ཡོད་པ་དང་ཆ་རྐྱེན་བཟང་བའི་གནས་ཚུལ་བཟང་པོའི་འོག  ཏའོ་ལིང་ཁོའུ་རྣམ་པའི་སྔོན་སྦྱོང་འགྲེམ་སྟོན་དང་འཚམ་སྒྲིག་ཚད་ཐོན།  སློབ་ཁྲིད་འཚོལ་ཞིབ་སོགས་གློག་རྡུལ་པང་ལེབ་ཀྱི་ལག་རྩལ་ལ་བརྟེན་ནས་མངོན་དུ་བཅུག དེ་ལྟར་ཀྲིན་ཀྲོའུ་སློབ་འབྲིང་102པས་རང་འགུལ་གྱི་ཁྱད་ཆོས་དང་གློག་རྡུལ་པང་ལེབ་ཀྱི་ཁོར་ཡུག་འོག་སློབ་ཐུན་ནུས་ཕྱོད་ཅན་དུ་ཆགས་པ་རེད།

སློབ་གཙོ་ཚའེ་ཡིས་འཚམས་སྦྱོར་ལྟར་ན་འདི་ལྟ་བའི་གློག་རྡུལ་པང་ལེབ་ཀྱིས་རྩིས་འཁོར་དང་བརྙན་སྒྲོན།  སྒྲ་སྒམ།  དངོས་པོའི་འགྲེམ་སྟོན་སྟེགས་བུ་དང་སློབ་གྲྭའི་དྲ་རྒྱ་སོགས་སྨྱན་མང་སྒྲིག་ཆས་ཀྱི་ནུས་པ་བཀོལ་སྤྱོད་ལེགས་པར་བྱས་ནས།  བསླབ་ཚན་གསར་བའི་བཅོས་བསྒྱུར་གྱི་ལྟ་བའི་འོག་སློབ་ཐུན་རྣམ་པར་གསར་བར་སྐུལ་འདེད་བཏང་ནས།  དགེ་སློབ་ཀྱི་མཉམ་འབྲེལ་དེ་རྒྱུན་སྤྱོད་དང་དོན་དངོས་ཞིག་ཏུ་གྱུར་ཡོད།  མི་དང་རྩིས་འཁོར་སྤོ་འགུལ་དང་དགེ་སློབ་སྤོ་འགུལ།  དྲ་རྒྱའི་སྤོ་འགུལ་དེ་དངོས་ཡོད་དུ་གྱུར་ཡོད།

དྲ་རྒྱའི་ཁོར་ཡུག་འོག་གི་རང་འགུལ་སློབ་ཐུན།

དྲ་རྒྱའི་ཁོར་ཡུག་འོག་གི་རང་འགུལ་སློབ་ཐུན་གྱི་རྣམ་པ་ནི་སྔོན་སྦྱོང་དང་འགྲེམ་སྟོན།  འཚམ་སྒྲིག ཚད་ཐོན་བཅས་བརྒྱུད་རིམ་བཞིས་གྲུབ།

སློབ་མ་ཚོས་སྔོན་སྦྱོང་བྱས་པའི་སློབ་གཞི་དང་ཐུན་ཐོག་འགྲེམ་སྟོན་གྱི་ནང་དོན་སློབ་ཐུན་མ་འཚོགས་པའི་སྔོན་ལ་དྲ་རྒྱར་བཀོད་པ་དང་།  སྒོ་སམ་ཇུས་འགོད་བྱེད་པ། འགྲེམ་སྟོན།  འཁྲབ་སྟོན། མཐོར་འདེགས་སོགས་བྱ་དགོས།  སློབ་ཐུན་སྐབས་ཟིན་བྲིས་འདེབས་པ་དང་སྒོ་སམ་སྟེང་གི་སྐབས་ཐོག་གི་འབྲི་སྦྱོང་དེ་འཚབ་འཚུབ་ཀྱིས་འབྲི་བར་བྲེལ་མི་དགོས།  དུས་ཚོད་མང་ཤས་དེ་དགེ་སློབ་བར་དང་སློབ་གྲོགས་བར་བགྲོ་གླེང་སྤོ་འགུལ་བྱེད་དགོས།  གློག་རྡུལ་པང་ལེབ་ཀྱི་མགྱོགས་མྱུར་ལྡན་པ་དང་སྟབས་བདེ་བའི་རོགས་རམ་ལ་བརྟེན་ནས།  འགྲེམ་སྟོན་གྱི་བརྒྱུད་རིམ་ཡང་ཧ་ཅང་དམ་པོ་དང་ནུས་ཕྱོད་ཅན་དུ་གྱུར།  དེ་མ་ཟད་གློག་རྡུལ་པང་ལེབ་ལ་ཉར་ཚགས་དང་ཕྱིར་དྲན་གྱི་ནུས་པ་ཡོད་ལ།  རང་དབང་གིས་བཀོལ་ཆོག  སློབ་མའི་སྲ་བརྟན་དང་ཕྱིར་རྟོག་གི་བྱ་བ་ཡང་ཧ་ཅང་སྟབས་བདེ་ལ་མགྱོགས་མྱུར་ལྡན།

འཛིན་གྲྭ་རེ་རེའི་གློག་རྡུལ་པང་ལེབ་དྲ་རྒྱ་སྦྲེལ་ཡོད་པས་འཛིན་གྲྭ་རེ་རེར་སྦྲེལ་ཡོད།  སློབ་ཐུན་རེ་རེའི་རྗེས་སུ་དགེ་རྒན་གྱི་སྨྱན་ཆས་དང་སློབ་མའི་འགྲེལ་བའི་བརྒྱུད་རིམ།  དག་བཅོས་ཀྱི་བརྒྱུད་རིམ།  དགེ་རྒན་གྱི་འགྲེལ་བཤད་བྱས་པ་སོགས་ཚང་མ་ཉར་ཚགས་བྱས་ཏེ།  རང་འགུལ་གྱིས་སློབ་གྲྭའི་དྲ་རྒྱའི་སྟེང་བཀོད་པས་དགེ་སློབ་ཡོངས་ཀྱིས་ལྟ་ཀློག་དང་ཕྱིར་རྟོག   ཕྱོགས་སྡོམ།  སྤོ་འགུལ་བཅས་བྱེད་ཐུབ།

དྲ་རྒྱའི་ཁོར་ཡུག་འོག་གི་སློབ་ཐུན་དེ་གཙོ་བོ་གློག་རྡུལ་པང་ལེབ་ལ་བརྟེན་པ་དང་།  བསླབ་ཚན་གསར་བའི་སློབ་བསྒྱུར་གྱི་ལྟ་བའི་འོག་གི་སློབ་ཐུན་གྱི་རྣམ་པ་གསར་བ་ལ་སྐུལ་འདེད་བཏང་བ་དང་།  དགེ་སློབ་མཉམ་འབྲེལ་དེ་རྒྱུན་སྤྱོད་དང་དོན་དངོས་སུ་གྱུར་ཡོད།  མི་དང་རྩིས་འཁོར་སྤོ་འགུལ་དང་དགེ་སློབ་སྤོ་འགུལ།  དྲ་རྒྱའི་སྤོ་འགུལ་དེ་དངོས་ཡོད་དུ་གྱུར་ཡོད།

གདེང་འཇོག  སློབ་འབྲིང་102པས་གནད་དོན་ཞིག་ཐག་གཅོད་ལེགས་པོ་བྱས་ཡོད་དེ།  ཆ་རྐྱེན་བཟང་པའི་སློབ་གྲྭས་ཏའོ་ལིང་ཁོའུ་ལ་སློབ་སྦྱོང་ཇི་ལྟར་བྱེད་དགོས་པ་གསལ་བཤད་བྱས་ཡོད། ཁོ་ཚོས་ནུས་ཕྱོད་མཐོ་བའི་སློབ་ཐུན་གྱི་སྔོན་ཐོན་གྱི་ལྟ་བ་དང་དེང་རབས་ཆ་འཕྲིན་ལག་རྩལ་ཟུང་འབྲེལ་བྱས་ནས་རང་ཉིད་གྱི་སློབ་ཐུན་རྣམ་པ་དང་བསླབ་ཚན་དུ་གྱུར་ཡོད།  ལག་རྩལ་གསར་བ་དང་རིག་གནས་གསར་བ་མཐོ་ཚད་ནས་འབྲེལ་བ་བྱས་པ་མངོན་འགྱུར་བྱུང་།

 

དགུ་བ།  ཨན་ཧྥེ་ཐུང་ལིན་ཐུང་ཏོའུ་སྐད་གཉིས་སློབ་འབྲིང་གི་བརྒྱུད་རིམ་ལྔ་ལྡན་གྱི་སློབ་ཐུན་ཆེན་མོ།

 

སློབ་གཙོ་ཧྲིན་ཀའོ་ཡོས་བཅོས་བསྒྱུར་གྱི་ཡིག་འབྲུ་བཅུ་དྲུག་གཏན་ལ་ཕབ།  དེ་ནི་སློབ་གཞི་བརྟན་པ།  རང་འགུལ་སྒྲིག་འཛུགས།  སློབ་ཐུན་འཁོར་བསྐྱོད།  ནང་སྙིང་འཕེལ་རྒྱས་བཅས་རེད།  དངོས་སུ་ལག་ལེན་བྱེད་པའི་ཞིབ་འཇུག་ཁྲོད། ཁོ་ཚོས་དགེ་རྒན་གྱི་སློབ་ཁྲིད་ཐབས་ལམ་དང་སློབ་མའི་སློབ་སྦྱོང་གི་ཐབས་ལམ་བསྒྱུར་བཅོས་གཏོང་བ་གནད་དུ་བཟུང་ནས།  བསླབ་ཚན་གསར་བའི་བཅོས་བསྒྱུར་གྱི་རྒྱབ་ལྗོངས་འོག་དེང་རབས་སློབ་ཁྲིད་ཀྱི་ལྟ་བ་གསར་བ་དང་འཚམ་པའི་སྒོས་སློབ་གྲྭའི་སློབ་དཔྱོད་ཀྱི་མ་ལག་འཐུས་ཚང་ཞིག་འཛུགས་གཉེར་བྱས་ཏེ།  རྣམ་པ་གསུམ་དང་བརྒྱུད་རིམ་ལྔ། ཚད་དྲུག་གི་ནུས་ཕྱོད་མཐོ་བའི་སློབ་ཐུན་གྱི་རྣམ་པ་གསར་བ་གསར་གཏོད་བྱས།

གསར་རྩོམ་རང་བཞིན་དང་རྒྱང་རིང་རང་བཞིན།  ས་གནས་རང་བཞིན་གྱི་སློབ་ཁྲིད་རྣམ་པ་དེ་གསར་གཏོད་བྱས་པ་དང་མཉམ་དུ།  ཕན་ནུས་མངོན་གསལ་ཐོན། མི་ལ་ལས་ཁོ་ཚོ་ནི་ཨན་ཧྥེ་ས་ཁུལ་གྱི་གནས་འཛིན་ཡིན།  དེང་སྐབས་ཐུང་ཏོའུ་སྐད་གཉིས་སློབ་གྲྭ་དེ་ཡང་སློབ་བསྒྱུར་གྱིས་རྒྱལ་ཡོངས་སུ་མིང་དུ་གྲགས་པའི་སློབ་གྲྭར་གྱུར།  ཉིན་རེར་ལྟ་ཞིབ་སློབ་སྦྱོང་ལ་ཡོང་བའི་འགྲུལ་བ་རྒྱུན་མི་ཆད།  མི་ཚོས་གདེང་འཇོག་འདི་ལྟར་བཤད་བཞིན་ཡོད།  ཐུང་ཏོའུ་སྐད་གཉིས་སློབ་གྲྭའི་སློབ་བསྒྱུར་གྱིས་དམངས་སྒྲུབ་སློབ་གྲྭའི་དགེ་རྒན་བརྗེ་སྤོར་རང་བཞིན་ཆེ་བའི་གནད་དོན་ཐག་གཅོད་བྱས་སོང་ལ།  འཇོན་མི་འགྲོ་བ་དེ་འཇོན་མི་བཟོ་བའི་རྣམ་པར་བསྒྱུར།  དེས་སློབ་གྲྭའི་དགེ་བཟོ་བའི་དཔུང་སྡེ་རང་འགུལ་གྱིས་ནུས་པ་མཐོར་འདེགས་གཏོང་བའི་ནུས་པ་ཡོད།  དམངས་སྒྲུབ་སློབ་གྲྭའི་སློབ་མའི་ཐོན་ཁུངས་ཞན་པའི་དཀའ་གནད་སེལ་སོང་ལ།  སློབ་མ་བདམ་པ་དེ་སློབ་མ་སྐྱོང་བར་བསྒྱུར་བས།  སློབ་མ་རེ་རེ་ལེགས་འགྲུབ་བྱུང་བར་སྐུལ་འདེད་གཏོང་བཞིན་ཡོད་པས་སློབ་གསོའི་སྲོག་ཤིང་གི་ནུས་པ་ཐོན་ཡོད།

བརྒྱུད་རིམ་ལྔ་ལྡན་གྱི་སློབ་ཐུན་ཆེན་མོ།

བརྒྱུད་རིམ་ལྔ་ལྡན་གྱི་སློབ་ཐུན་ཆེན་མོ་འཛུགས་གཉེར་བྱས་པའི་སྒྲིག་སྲོལ་ཁྲོད།  རང་སྦྱོང་མཛུབ་སྟོན་དང་ཐབས་བྱུས་སྤོ་འགུལ།  འགྲེམ་སྟོན་སྒྲིག་གཞི་ནི་སློབ་ཐུན་ཇུས་འགོད་གྱི་ལྟེ་བའི་གྲུབ་ཆ་གསུམ་ཡིན།   རང་འགུལ་དང་མཉམ་ལས།  འཚོལ་ཞིབ་ནི་སློབ་བསྒྱུར་ལྟ་བའི་ནུས་ཕྱོད་མཐོ་བའི་དོན་དངོས་ཐོན་སྐྱེད་ནུས་ཤུགས་ཡིན།  རང་ཞིབ་སློབ་ཐུན་དང་འགྲེམ་སྟོན་སློབ་ཐུན།  སྦྱོང་བརྡར་སློབ་ཐུན།  ཟུར་ཁྲིད་སློབ་ཐུན། མྱོང་རྟོག་སློབ་ཐུན་ལྔ་ནི་སློབ་ཐུན་གྱི་རྣམ་པའི་སྒྲིག་གཞིའི་བརྒྱུད་རིམ་ལྔ་ལྡན་གྱི་སློབ་ཐུན་ཆེན་མོ་ཡིན།

རྣམ་པ་གསུམ་དང་བརྒྱུད་རིམ་ལྔ།  ཚད་དྲུག་གི་རྣམ་པ་དེ་ལག་ལེན་ཁྲོད་སྒྲོམ་གཞི་དང་ཐབས་ལམ་གཉིས་ནི་གཞི་རྩ་གཉིས་ཡིན།

རྣམ་པ་གསུམ་ནི་མཛུབ་ཁྲིད་གཏན་འཁེལ།  སྤོ་འགུལ་འགྲེམ་སྟོན།  དུས་ཐོག་ཕྱིར་རྟོག་བཅས་མཛུབ་ཁྲིད་ཀྱི་ཁག་ཆེན་པོ་གསུམ་ཡིན།  བརྒྱུད་རིམ་ལྔ་ནི་མཛུབ་ཁྲིད་ཀྱི་བརྒྱུད་རིམ་ཁྲོད་བརྒྱུད་དགོས་པའི་རང་ཞིབ་རང་འཚོལ།  མཉམ་ལས་འཚོལ་ཞིབ།  འགྲེམ་སྟོན་མཐོར་འདེགས།  དོགས་གཞི་གདེང་འཇོག  ཕྱོགས་སྡོམ་ལེགས་སྒྲིག་བཅས་ཡིན།  ཚད་དྲུག་ནི་དགེ་རྒན་གྱིས་མཛུབ་ཁྲིད་ཇུས་འགོད་དང་སློབ་ཐུན་ལག་ལེན་གྱི་བརྒྱུད་རིམ་ཁྲོད་སློབ་མའི་སློབ་སྦྱོང་གི་དམིགས་ཚད་དག་ལ་གསལ་བའི་ཚད་དང་།  རང་སྦྱོང་མཛུབ་སྟོན་གྱི་གསལ་ཁའི་ཚད།  མཉམ་ལས་སློབ་སྦྱོང་གི་ཕན་ནུས་ཀྱི་ཚད།  འགྲེམ་སྟོན་མཐོར་འདེགས་ཀྱི་ལེགས་པའི་ཚད།  ཤེས་བྱ་རྒྱ་བསྐྱེད་ཀྱི་འཚམ་པའི་ཚད།  ཐུན་ཐོག་ཕྱིར་རྟོག་གི་ནུས་ཕྱོད་ཚད་བཅས་ཡིན།

གདེང་འཇོག  ཨན་ཧྥེ་སློབ་བསྒྱུར་གྱི་གཞི་འཛིན་ཁུལ་གྱི་མིང་ཐོགས་པའི་ཐུང་ཏོའུ་སློབ་གྲྭས་དམངས་སྒྲུབ་སློབ་གྲྭའི་དགེ་རྒན་བརྗེ་སྤོར་མང་པའི་གནད་དོན་ཐག་གཅོད་བྱས་ལ།  སློབ་ཐུན་སྒོ་འབྱེད་ལ་གསོན་ཤུགས་ཡོད་ལ།  ས་ཁུལ་དེའི་སློབ་བསྒྱུར་གྱི་དཔེ་སྟོན་སློབ་གྲྭར་གྱུར།

 

བཅུ་བ།  ཧྲན་ཏུང་ཕིན་ཡེ་སློབ་འབྲིང་དང་པོའི་སློབ་སྟོན་མཛུབ་ཁྲིད།

 

སློབ་སྟོན་མཛུབ་ཁྲིད་ཀྱིས་སློབ་མས་སློབ་སྦྱོང་བྱེད་ཤེས་པ་དང་གསར་གཏོད་བྱེད་ཤེས་པའི་དགོངས་དོན་གཞིར་བཟུང་ནས། སྔོན་ཆད་ཀྱི་ཁྲིད་གཞིས་སློབ་བྱེད་པའི་རྒྱུན་ལྡན་གྱི་རྣམ་པ་མེད་པར་བཟོས། སློབ་གཞི་གཞིར་བཟུང་ནས། སྔོན་སྦྱོང་རྗེས་ཁྲིད་དང་གནད་དོན་སློབ་ཁྲིད།  སློབ་ཁྲིད་མཛུབ་ཁྲིད།  ཐུན་ཐོག་ཚད་ལེན་གྱི་བརྒྱུད་རིམ་བརྒྱུད་ཅིང་།  སློབ་མ་ཐད་ཀར་ཚབ་ཞུགས་བྱས་ནས་འཚོལ་ཞིབ་ཀྱིས་གནད་དོན་རྙེད་པ་དང་།  གནད་དོན་ཐག་གཅོད་པ།  ཕྱོགས་སྡོམ་བྱེད་པ།  ཤེས་བྱ་གསར་གཏོད་ཀྱི་བརྒྱུད་རིམ་དང་ཐབས་ལམ་དངོས་སུ་མྱོང་བ་དང་ཚོར་བའི་ཤེས་བྱར་བརྟེན་ནས་བརྒྱུད་རིམ་འདི་ལྟ་བུའི་རྣམ་པར་གྲུབ།  སྤྱིའི་སློབ་ཁྲིད་བརྒྱུད་རིམ་ཁྲོད་དགེ་རྒན་ནི་ཤེས་བྱ་བརྒྱུད་སྤྲོད་ཁོ་ན་ཙམ་མ་ཡིན་པར་ཤེས་བྱ་སློབ་པའི་ཐབས་ལམ་སྟོན་མཁན་དང་མཛུབ་ཁྲིད་མཁན་དུ་གྱུར་ཡོད།  བདེན་ལུགས་བྱིན་པ་མ་ཡིན་པར་བདེན་ལུགས་ཤེས་པའི་ཐབས་ལམ་སྟོན་པ་པོ་ཡིན།  ཁོ་ཚོའི་སྒྲུབ་ཐབས་ཁྲོད་སྲོལ་རྒྱུན་སློབ་གསོ་དང་དེང་རབས་སློབ་གསོའི་དབྱེ་མཚམས་གསལ་བོར་ཕྱེ་ཡོད།  སློབ་མའི་གསར་གཏོད་སྙིང་སྟོབས་དང་གསར་བསྐྲུན་ནུས་པ་གསོ་སྐྱོང་བྱེད་པ་ནི་སློབ་ཁྲིད་ཀྱི་དོན་སྙིང་ངོ་མ་ཡིན་པར་བཤད།

ཧྲན་ཏུང་ཕིན་ཡེ་སློབ་འབྲིང་དང་པོའི་སློབ་སྟོན་མཛུབ་ཁྲིད་ནི་སློབ་གཞི་གཞིར་བཟུང་ནས་མཛུབ་ཁྲིད་ཀྱི་ཐབས་ལམ་སྟོན་གྱི་ཡོད།  དགེ་རྒན་གྱི་མཛུབ་སྟོན་གཙོ་གཞི་དང་སློབ་མའི་རང་འགུལ་སློབ་སྦྱོང་གཞི་རྩ་བྱེད་པ།  སློབ་མ་དང་སློབ་མ།  དགེ་རྒན་དང་སློབ་མ་ཕན་ཚུན་ཐུན་མོང་མཉམ་འབྲེལ་གྱིས་སློབ་ཁྲིད་ཀྱི་འགན་འགྲུབ་ཏུ་འཇུག་པའི་སློབ་ཁྲིད་ཐབས་ལམ་ཞིག་ཡིན།  སློབ་མའི་རང་འགུལ་གྱི་སློབ་སྦྱོང་ལ་བརྟེན་ནས་སློབ་མའི་རང་སྦྱོང་གི་ནུས་པ་གསོ་སྐྱོང་བྱེད་ལ།  སློབ་ཁྲིད་ཀྱི་ནུས་ཕྱོད་མཐོར་འདེགས་བཏང་ནས།  སློབ་མས་སློབ་སྦྱོང་བྱེད་ཤེས་པ་དང་།  སློབ་སྦྱོང་གི་བདག་པོ་ངོ་མ་རུ་འགྱུར་དུ་བཅུག

སློབ་སྟོན་མཛུབ་ཁྲིད་ཀྱི་བརྒྱུད་རིམ་ནི།

༡ དགེ་རྒན་གྱིས་སློབ་གཞི་བཟོ་བ།

དགེ་རྒན་གྱིས་སློབ་གཞི་ཇུས་འགོད་བྱེད་སྐབས།  བསླབ་ཚན་ཚད་གཞི་དང་བསླབ་དེབ། དཔྱད་གཞིའི་ཡིག་ཚགས་སོགས་བསླབ་དེབ་སྒྲིག་རིམ་གྱི་རྩ་དོན་དང་ཤེས་བྱའི་མ་ལག་ནས་མགོ་བརྩམས་ཏེ། རང་ཉིད་ཀྱི་འཁྲིད་ཡུལ་སློབ་མའི་ངོས་འཛིན་དང་ཤེས་རྟོགས་ཀྱི་ནུས་པ། ཆུ་ཚད་གཞིར་བཟུང་ནས་ནན་ཏན་གྱིས་དབྱེ་ཞིབ་དང་ཞིབ་འཇུག་བྱས་ནས་བསླབ་དེབ་འོས་འཚམ་གྱིས་ལེགས་སྒྲིག་བྱེད་དགོས།  སློབ་གཞིའི་ཇུས་འགོད་དེ་གཙོ་གནད་འབུར་དུ་ཐོན་པ་དང་དཀའ་གནད་གྲོལ་ཐུབ་དགོས།  སློབ་མའི་བསམ་གཞིག་གི་བློ་སྒོ་འབྱེད་ཐུབ་དགོས་ལ།  སློབ་མའི་སློབ་སྦྱོང་གི་ནུས་པ་མཐོར་འདེགས་གཏོང་བའི་དམིགས་ཡུལ་འགྲུབ་དགོས།

༢ སློབ་མས་བསླབ་དེབ་རང་སྦྱོང་བྱེད་དགོས།

སློབ་གཞིའི་ཁྲོད་ཀྱི་འབྲེལ་ཡོད་གནད་དོན་ལེགས་འགྲུབ་འབྱུང་རྒྱུ་ནི་སློབ་སྟོན་མཛུབ་ཁྲིད་ཀྱི་རྩ་བའི་གྲུབ་ཆ་ཡིན།  རེ་འདུན་ལྟར་དགེ་རྒན་གྱིས་སྔོན་ནས་ཇུས་འགོད་བྱས་པའི་སློབ་གཞི་དེ་སློབ་ཐུན་མ་འཚོགས་སྔོན་ལ་སློབ་མ་ལ་བཀྲམ་དགོས།  འདི་ལྟར་བྱས་ན་སློབ་མའི་སློབ་སྦྱོང་གི་དམིགས་ཚད་གསལ་བོ་ཡིན་པས།  གནད་དོན་ཁྱེར་ནས་སློབ་ཚན་སྔོན་སྦྱོང་བྱེད་ཐུབ།  དེ་དང་མཉམ་དུ་དགེ་རྒན་གྱིས་སློབ་མའི་རང་སྦྱོང་གི་བརྒྱུད་རིམ་ཁྲོད་དུ་འོས་འཚམ་གྱིས་ཟུར་ཁྲིད་དང་མཛུབ་སྟོན་བྱེད་དགོས།

༣ བགྲོ་གླེང་གྲོས་བསྡུར།

སློབ་མའི་རང་སྦྱོང་གི་རྨང་གཞིའི་སྟེང་དགེ་རྒན་གྱིས་སློབ་གཞིའི་ཁྲོད་ཀྱི་འབྲེལ་ཡོད་གནད་དོན་ལ་རྩ་འཛུགས་གྱིས་གྲོས་བསྡུར་བྱེད་དུ་འཇུག་རྒྱུ་དང་།  སློབ་ཁྲིད་ཀྱི་གཙོ་གནད་དང་དཀའ་གནད་ཀྱི་གནད་དོན་སློབ་མས་གྲོས་བསྡུར་བགྲོ་གླེང་བྱེད་པར་སྣེ་ཁྲིད་དེ་གཅིག་མཐུན་ཡོང་དུ་འཇུག་རྒྱུ།  སློབ་མའི་གྲོས་བསྡུར་ཁྲོད་ཐག་གཅོད་མི་ཐུབ་པའི་གནད་དོན་དང་གཅིག་མཐུན་གྱི་གནད་དོན་ཡོད་ཚེ། དགེ་རྒན་གྱིས་དུས་ལྟར་ཕྱོགས་བསྡུས་བྱས་ན།  དགེ་རྒན་གྱིས་གསལ་འགྲེལ་དང་དོགས་སེལ་གྱི་སྐབས་གནད་དོན་ཐག་གཅོད་རོགས་རམ་བྱེད་པར་སྟབས་བདེ།

༤ གསལ་འགྲེལ་དོགས་སེལ།

གསལ་འགྲེལ་དོགས་སེལ་ནི་སློབ་མས་རང་སྦྱོང་དང་གྲོས་བསྡུར་བགྲོ་གླེང་གི་རྨང་གཞིའི་སྟེང་།  དགེ་རྒན་གྱིས་སློབ་ཁྲིད་ཀྱི་གཙོ་གནད་དང་དཀའ་གནད།  སློབ་མས་རང་སྦྱོང་བགྲོ་གླེང་གི་བརྒྱུད་རིམ་ཁྲོད་དཀའ་ཁག་ལ་ཐུག་པའི་གནད་དོན་སོགས་གསལ་འགྲེལ་བྱེད་པའི་བརྒྱུད་རིམ་ཞིག་ཡིན།

༥ བསྐྱར་སྦྱོང་སྲ་བརྟན།

བསྐྱར་སྦྱོང་གི་ཇུས་འགོད་དེ་སློབ་ཐུན་དེའི་སློབ་ཁྲིད་ཀྱི་ནང་དོན་དང་ནུས་པ་གསོ་སྐྱོང་གི་དམིགས་ཚད།  སློབ་མའི་ཤེས་རྟོགས་ཀྱི་ཆུ་ཚད་དང་འབྲེལ་བ་དམ་པོ་ཡོད་དགོས།  བསྐྱར་སྦྱོང་གི་འདྲི་གཞི་དེ་སློབ་མས་ཐུན་ཐོག་ནས་འགྲུབ་དགོས་པའི་རེ་འདུན་འདོན་དགོས།  སློབ་མས་བསྐྱར་སྦྱོང་བྱས་པ་བརྒྱུད་ནས་ཤེས་བྱ་སྲ་བརྟན་གཏོང་ཐུབ་པ་དང་ཁྲིད་ཟིན་པའི་ནང་དོན་ཆད་ལུས་མེད་པར་སློབ་ཐུབ་པ།  དགེ་རྒན་ལ་ཐད་ཀར་ཕྱིར་རྟོག་གི་ནུས་པ་ཐོན་ཐུབ་དགོས། དགེ་རྒན་གྱིས་བསྐྱར་སྦྱོང་གི་ཁྲོད་དུ་བྱུང་བའི་གནད་དོན་དུས་ཐོག་ལ་རྙེད་པ་དང་། དུས་ལྟར་དག་བཅོས་དང་བརྡར་གཅོད་ཀྱིས་ཡང་དག་པའི་གདེང་འཇོག་ཐུབ་དགོས།

སློབ་གཞི་དེ་སློབ་སྦྱོང་གི་དམིགས་ཚད་དང་ངོས་འཛིན་ཁ་གསབ།  སློབ་སྦྱོང་མཛུབ་སྟོན།  ཤེས་བྱ་ཕྱོགས་སྡོམ།  ཐུན་ཐོག་ཚད་ཐོན་ཚད་ལེན་བཅས་བརྒྱུད་རིམ་ལྔ་ལ་དབྱེ་ཡོད།

སློབ་སྦྱོང་དམིགས་ཚད།  དམིགས་ཚད་གཏན་འཁེལ་ལ་ཡོད་ཚད་སློབ་མའི་འཕེལ་རྒྱས་ཀྱི་ཆེད་དུ་ཞེས་པའི་ལྟ་བ་གསར་བ་འཛིན་པ་དང་།  བསླབ་ཚན་ཚད་གཞི་ལ་གཞིགས་ནས་སློབ་མའི་དངོས་ཡོད་ནས་འོས་འཚམ་གྱིས་དམིགས་ཚད་གཏན་འཁེལ་བྱེད་དགོས།  དམིགས་ཚད་གཏན་འཁེལ་བྱས་པ་གསལ་བོ་ཡིན་དགོས་ལ།  ཚད་ལེན་རང་བཞིན་དང་ཐུན་ཐོག་ཚད་ཐོན་འདྲི་གཞི་དང་འབྲེལ་དགོས།

ངོས་འཛིན་ཁ་གསབ།  ངོས་འཛིན་དང་ཤེས་བྱ་གསར་བ་དེ་ཐོག་མར་བསླབས་ཟིན་པའི་ཤེས་བྱ་སློབ་མས་རྒྱུས་ལོན་བྱས་པའི་གནས་ཚུལ་གཙོར་བཟུང་ནས་འདྲི་གཞི་བཀོད་སྒྲིག་བྱེད་དགོས། དམིགས་ཡུལ་ནི་གནད་དོན་རྙེད་རྗེས་སློབ་ཁྲིད་ཁྲོད་ཁ་གསབ་བྱེད་པ་དང་།  ཤེས་བྱ་གསར་བ་སློབ་སྦྱོང་བྱེད་པར་བཀག་རྒྱ་མེད་པར་བཟོ་ཆེད་ཡིན།  དེ་ནས་ཐུན་དངོས་ལ་ཞུགས་པར་ཕན་པ་དང་། སློབ་མའི་སློབ་སྦྱོང་གི་སྦྲོ་བ་འདྲེན་ཐུབ།

སློབ་སྦྱོང་མཛུབ་སྟོན།  སློབ་གཞི་ཇུས་འགོད་ཀྱི་རིག་ལམ། གཅིག སྔོན་སྦྱོང་རྗེས་ཁྲིད་ཀྱི་ལྟ་བ་འཛུགས་པ་དང་།  སློབ་གཞི་དེ་སློབ་མའི་སློབ་པ་ལྟེ་བར་བཟུང་ནས་ཇུས་འགོད་བྱེད་དགོས།  ཅི་ཞིག་སློབ་པའི་གནད་དོན་ཐག་གཅོད་དགོས་པ་དང་།  ཅི་ལྟར་སློབ་དགོས་པའི་གནད་དོན་ཡང་ཐག་གཅོད་དགོས།  གཉིས།  དགེ་རྒན་གྱིས་ནང་དོན་ཁག་གཅིག་ཇུས་འགོད་བྱེད་སྐབས།  སློབ་མའི་ལྟ་སྟངས་ཀྱིས་སློབ་དེབ་ལ་ལྟ་བ་དང་།  སློབ་མའི་ཤེས་རྟོགས་ཀྱི་ཉམས་མྱོང་གིས་སློབ་དེབ་ཚོར་བ།  སློབ་མའི་བསམ་གཞིག་གི་ནུས་པས་སློབ་དེབ་ཞིབ་འཇུག་བྱེད་དགོས།  སློབ་མའི་རང་སྦྱོང་གི་བརྒྱུད་རིམ་ཁྲོད་འཕྲད་སྲིད་པའི་བསམ་གཞིག་གི་གནད་དོན་ལ་བསམ་བློ་འཐུས་ཚང་བ་གཏོང་དགོས།  གསུམ།  སློབ་མ་ལ་སློབ་སྦྱོང་གི་དུས་ཚོད་འདང་ངེས་སྤྲོད་དགོས།  ཤེས་བྱའི་གནད་རེ་རེ་སྦྱངས་ཚར་རྗེས།  འོས་འཚམ་གྱི་འདྲི་གཞི་བཀོད་སྒྲིག་བྱས་ནས་སྦྱོང་བརྡར་བྱེད་དུ་འཇུག་དགོས།  སློབ་མས་བསླབས་ཟིན་པའི་ཤེས་བྱ་ངོས་འཛིན་དང་ཤེས་རྟོགས་གསལ་བོ་ཡོད་དགོས།

ཤེས་བྱ་ཕྱོགས་སྡོམ།  ཐུན་ཐོག་ནས་ཤེས་བྱའི་དྲ་རྒྱ་བཟོས་ནས།  དུས་ཐོག་དུ་བསྐྱར་སྦྱོང་བྱེད་དགོས་ལ།  དྲན་པ་ཉམས་པ་སྔོན་འགོག་བྱེད་དགོས།  སློབ་མ་རང་ཉིད་ཀྱིས་ཕྱོགས་སྡོམ་བྱེད་ཐུབ་ན་རབ་ཡིན།

ཚད་ཐོན་ཚད་ལེན།  ཐུན་འདིའི་སློབ་སྦྱོང་གི་དམིགས་ཚད་དང་དམ་དུ་སྦྲེལ་ནས།  ཐུན་ཐོག་འདིར་བསླབས་ཟིན་པའི་ནང་དོན་ཡོངས་ལ་ཁྱབ་པའི་འདྲི་གཞི་བདམ་གསེས་ཀྱིས། སློབ་མར་ཚད་ཐོན་ཚད་ལེན་བྱ་རྒྱུ་དང་།    སློབ་ཐུན་ཁྲོད་སློབ་མའི་སློབ་སྦྱོང་གི་གྲུབ་འབྲས་ཞིབ་བཤེར་བྱས་ནས།  སློབ་མའི་ཕྱིར་རྟོག་བྱུང་བའི་གནས་ཚུལ་ལ་དམིགས་ནས་དུས་ལྟར་སློབ་ཁྲིད་ཁ་གསབ་བྱ་རྒྱུ།  དཀའ་གནད་ཀྱི་ཚད་ཆུང་བའི་ཤེས་བྱ་ངོས་འཛིན་དང་བཀོལ་སྤྱོད་གཙོར་བཟུང་ནས་ཞིབ་བཤེར་བྱ་རྒྱུ།

གདེང་འཇོག  སློབ་ཐུན་སློབ་ཁྲིད་ནི་བྱང་ཚད་སློབ་གསོ་ལག་བསྟར་དང་སློབ་མའི་གསར་གཏོད་ཀྱི་ནུས་པ་གསོ་སྐྱོང་བྱེད་པའི་བརྒྱུད་ལམ་གཙོ་བོ་ཡིན།  ཇི་ལྟར་བྱས་ཏེ་སློབ་ཐུན་སློབ་ཁྲིད་ཁྲོད་སློབ་མ་གཙོ་གཞི་རུ་འཛིན་པ་འབུར་དུ་ཐོན་དགོས་པ་དང་།  སློབ་མ་ཚབ་ཞུགས་ཀྱི་འདུ་ཤེས་དང་རང་འགུལ་འཕེལ་རྒྱས་ཀྱི་སློབ་ཁྲིད་དམིགས་ཚད་མངོན་རྒྱུ།  སློབ་མའི་ལག་ལེན་གྱི་ནུས་པ་དང་གསར་གཏོད་ཀྱི་སྙིང་སྟོབས་བསྐྱེད་བསྲིང་བྱེད་རྒྱུ།  གསར་བསྐྲུན་རང་བཞིན་གྱི་འཇོན་ཐང་མི་སྣ་འཚར་ལོངས་འབྱུང་བའི་རྨང་རྡོ་འཇོག་རྒྱུ་སོགས་ནི་དེང་སྐབས་སློབ་གསོའི་ལས་རིགས་ཁྲོད་ཀྱི་ག་ས་ག་ལ་གནས་པའི་དོ་ཁུར་ཆེ་བའི་སློབ་ཁྲིད་བརྗོད་གཞི་གཙོ་བོ་ཞིག་རེད། ཧྲན་ཏུང་ཕིན་ཡེ་སློབ་འབྲིང་དང་པོས་1996ལོ་ནས་བཟུང་སློབ་གྲྭ་ཡོངས་ལ་རང་འགུལ་འཚོལ་ཞིབ་སློབ་སྟོན་མཛུབ་སྟོན་གྱི་ཚོད་ལྟ་བྱས་ཏེ་གྲུབ་འབྲས་མི་དམན་པ་བླངས།  གོང་གི་སློབ་གསོའི་བརྗོད་གཞི་དག་གི་གནད་དོན་ཐག་གཅོད་པར་ལེགས་འགྲུབ་བྱུང་བའི་དཔེ་མཚོནའདོན་སྤྲོད་བྱས། ང་ཚོས་སློབ་གཞི་ཁྲིད་གཞི་ལ་བརྟེན་ནས་སློབ་མའི་རང་སྦྱོང་གི་གོམས་གཤིས་ལ་ཤུགས་སྣོན་རྒྱག་པ་དང་།  སློབ་མ་གཙོ་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱས།  སྣེ་ཁྲིད་དང་འཇམ་ཁྲིད།  བློ་འབྱེད།  མཛུབ་ཁྲིད།  མཛུབ་སྦྱོང་སོགས་བརྒྱུད་ནས་སློབ་མ་ཉན་པ་པོ་ནས་འཁྲབ་སྟོན་པར་གྱུར་བ་དང་།  སློབ་མས་མིག་གིས་ལྟ་བ་དང་ཀླད་པ་འགུལ་བ།  རྣ་བ་བླགས་ནས་ཉན་པ།  ཁ་འགུལ་ནས་བཤད་པ།  ལག་འགུལ་ནས་སྒྲུབ་པའི་བརྒྱུད་རིམ་སོགས་ནི་དངོས་སུ་ཚབ་ཞུགས་ཀྱིས་ཤེས་བྱ་གསར་གཏོད་བྱེད་པའི་བརྒྱུད་རིམ་དུ་འགྱུར་བཞིན་ཡོད་པས།  རང་ཉིད་ཀྱིས་ཤེས་བྱའི་ཡང་སྙིང་རྟོགས་ཐུབ་པ་དང་།  ཤེས་བྱ་ཤེས་རྟོགས་དང་སློབ་སྦྱོང་བྱེད་ཤེས་པ།  གསར་གཏོད་བྱེད་ཤེས་པར་རྨང་གཞི་གཏན་པོ་འཇགས་ཐུབ་སོང་།  ཧྲན་ཏུང་ཞིང་ཆེན་སློབ་གསོའི་ཐིན་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི།  ཐིན་ཀྲང་། འབུམས་རམས་པའི་མཛུབ་ཁྲིད་དགེ་རྒན་ཆའེ་ཐའོ་དགེ་རྒན་ཆེན་མོས་རྒྱལ་ཡོངས་སྐབས་གཉིས་པའི་སློབ་གསོའི་རིག་གཞུང་ཞིབ་འཇུག་དང་གསར་གཏོད་བགྲོ་གླེང་འཚོགས་ཆེན་སྟེང་།  ཕིན་ཡེ་སློབ་འབྲིང་དང་པོའི་སློབ་ཁྲིད་བརྗོད་གཞི་ཞིབ་འཇུག་གྲུབ་འབྲས་ལ་གདེང་འཇོག་འདི་ལྟར་བྱས།  ཕིན་ཡེ་སློབ་འབྲིང་དང་པོས་རྒྱལ་ཕྱི་ནང་གི་དེང་རབས་སློབ་གསོའི་གཞུང་ལུགས་ལ་སློབ་སྦྱོང་བྱས་པའི་རྨང་གཞིའི་སྟེང་སློབ་གྲྭ་རང་ཉིད་ཀྱི་སློབ་ཁྲིད་དོན་དངོས་དང་ཟུང་འབྲེལ་བྱས་ནས་གསར་གཏོང་རང་བཞིན་སྒོས་རང་འགུལ་འཚོལ་ཞིབ་དང་སློབ་སྟོན་མཛུབ་ཁྲིད་ཀྱི་སློབ་ཁྲིད་སློབ་ཐུན་གྱི་རྣམ་པ་འཛུགས་གཉེར་བྱས་ཤིང་།  སློབ་གཞི་བཀོལ་སྤྱོད་ཀྱིས་ཁྲིད་གཞི་བཅོས་བསྒྱུར་བྱས།  དགེ་རྒན་གཙོ་གཞི་དེ་སློབ་མ་གཙོ་གཞི་རུ་བསྒྱུར།  ཤེས་བྱ་བརྒྱུད་སྤྲོད་དེ་ནུས་རྩལ་འཕེལ་རྒྱས་སུ་བསྒྱུར།  སློབ་སྟོན་མཛུབ་ཁྲིད་སློབ་ཁྲིད་ཀྱི་རྣམ་པ་དེ་སྲོལ་རྒྱུན་སློབ་ཁྲིད་བྱེད་ཐབས་ཀྱི་ངོ་བོ་བཅོས་བསྒྱུར་བྱེད་ཐེངས་གཅིག་ཡིན།  དེས་སློབ་མའི་རང་སྦྱོང་གིས་ཆ་འཕྲིན་བསྡུ་ལེན་དང་ཕྱིར་རྟོག་གི་གཞི་འཛིན་ས་བྱས་ནས།  དགེ་སློབ་ཀྱི་བྱེད་སྒོ་གཙོར་འཛིན་པ་ཞིག་ཡིན་ལ།  གནད་དོན་རྙེད་པ་དང་རང་ཉིད་ཀྱིས་འཚོལ་ཞིབ་བྱེད་པ་གཙོར་འཛིན་པ།  སློབ་མའི་ཕྱོགས་ཀུན་གྱི་ནུས་པ་བསྐྱེད་བསྲིང་བྱེད་པ་དམིགས་འབེན་དུ་བཟུང་ནས།  སློབ་མའི་སློབ་ཐབས་མཛུབ་སྟོན་དང་སློབ་སྦྱོང་གི་ཐབས་བྱུས་ཤེས་སུ་འཇུག་པའི་སློབ་གསོ་ཞིག་ཡིན་ལ།  ཕན་ནུས་ཡོད་པའི་སྒོ་ནས་སློབ་མ་གཙོ་གཞི་དར་སྤེལ་བྱས་ནས་དེང་རབས་སློབ་གསོའི་ཁྱད་ཆོས་མངོན་དུ་བཅུག །

 

སྤྱི་ལོ༢༠༡༨ལོའི་ཟླ༡༠བའི་ཚེས༣༠ཉིན་བསྒྱུར།