ཆོས་ལུགས་དེ་དད་མོས་ཀྱི་མཆོག་ཏུ་འཛིན་མཁན་གྱི་མི་རིགས་ལ་ང་ཚོས་བློ་གཏད་ཆོག་པ་འདྲ་ཡང་། ཆོས་ལུགས་ཉལ་ཐ་བཞིན་དུ་སེམས་ཀྱི་སྦྲིད་སྨན་དུ་འཛིན་པའི་མི་རིགས་ནི་གསོ་བྱེད་སྨན་པའི་རྒྱལ་པོས་ཀྱང་བསྐྱབ་པར་མི་ནུས།

ཆོས་ལུགས་ལ་དད་པ་བྱས་མ་མྱོང་བའི་མི་རིགས་ཤིག་སྲིད་ན་ཡོད་མི་དཔེ། ཐོག་མཐའ་ཀུན་ཏུ་ཆོས་ལུགས་སྣ་གཅིག་ལ་དད་པ་མ་འགྱུར་བའི་མི་རིགས་ཤིག་ཀྱང་ཕལ་ཆེར་རྙེད་དཀའ།

མི་རིགས་ཤིག་གིས་ཆོས་ལུགས་དུ་མ་བསྟེན་ན། ཁབ་རྩེ་གཉིས་ཀྱིས་འཚེམ་བཟོ་བྱེད་པ་དང་ཡོངས་སུ་མཚུངས། ཆོས་ལུགས་གཅིག་ལ་མི་རིགས་གང་མང་གིས་དད་ཚེ། ཀ་བ་བརྒྱ་ཡིས་གཞལ་ཡས་ཁང་ཆེན་བསྐྲུན་པ་དང་འདྲའོ། །
བདེན་དང་རྫུན་ནི་ཆོས་ལུགས་བར་གྱི་ཁྱད་པར་མ་ཡིན་ལ། སྔོན་ཐོན་དང་རྗེས་ལུས་ཀྱང་མི་རིགས་བར་གྱི་དབྱེ་བ་མིན།

ཆོས་ལུགས་ནི་རྨོ་འདེབས་ལ་བརྩོན་པའི་སོ་ནམ་པ་ཞིག་སྟེ། ཉོན་མོངས་ཀྱིས་བསྒྲིབས་པའི་མི་རིགས་ཤིག་གི་རྒྱུད་ལ་བྱམས་དང་སྙིང་རྗེ་ཡི་ས་བོན་གཏོར་གྱིན་མཆིས། མི་རིགས་ནི་ས་འོག་ནས་བརྡོལ་པའི་ཆུ་མིག་ཅིག་སྟེ། མྱ་ངམ་ཐང་ན་སྐོམ་གདུང་གིས་མནར་བའི་ཆོས་ལུགས་ཤིག་ལ་ཚེ་སྲོག་གསར་བའི་དབུགས་རྒྱུན་སྩོལ་བར་བྱེད།

ཆོས་ལུགས་དེ་ཆབ་སྲིད་དང་འཕྲད་ཚེ། གྲུབ་མཐའ་ཁག་ལ་མཆོག་དམན་དང་བླ་མ་རྣམས་ལ་རབ་འབྲིང་དབྱེ་བར་འགྱུར། མི་རིགས་དང་ཆབ་སྲིད་མཉམ་དུ་འབྲེལ་ན། སྤྱི་ཡི་ཁེ་ཕན་ཟེར་བ་རྐང་གི་ལྷམ་དང་ཐུན་མོང་གི་ལ་རྒྱ་ཞེས་པ་རྐུབ་འོག་གི་གདན་དུ་སོང་ཡོད་དོ། །

མི་རིགས་ཤིག་གིས་ཆུང་མ་བཞིན་ཆོས་ལུགས་ཤིག་སྒེར་བཟུང་བྱེད་མི་ནུས་ལ། ཆོས་ལུགས་ཤིག་གིས་ཀྱང་བྲན་གཡོག་ལྟར་མི་རིགས་ཤིག་གི་ཚབ་བྱེད་དཀའ་བ་ཡིན།

རང་གིས་དད་པའི་ཆོས་ལུགས་དེ་སྲུང་བའི་ཕྱིར་དུ་འཇིག་པའི་མི་རིགས་ཤིག་ཡིན་ན། ད་ནི་དག་པའི་ཞིང་དུ་བཞུགས་ཡོད་དམ། རང་གིས་མི་དད་པའི་ཆོས་ལུགས་རྩ་མེད་དུ་གཏང་ཆེད་དམག་འཁྲུག་སློང་མཁན་མི་རིགས་ཤིག་ཡིན་ན། མ་འོངས་དུས་སུ་དམྱལ་བར་ལྟུང་སྲིད་དམ། ཆོས་ལུགས་རེ་ལ་དག་ཞིང་རེ་དང་དམྱལ་ཁམས་རེ་ཡོད་ན། དག་ཞིང་གང་ནི་ངོ་མ་དང་དམྱལ་ཁམས་གང་ཞིག་རྫུན་མ་ཡིན།

ཆོས་ལུགས་ཀྱི་ཆེད་དུ་འཇིག་པའི་མི་རིགས་ཡོད་སྲིད་ཀྱང་། མི་རིགས་ཀྱི་དོན་དུ་ཡལ་བའི་ཆོས་ལུགས་ཡོད་མི་སྲིད།

མི་རིགས་ཤིག་ཆོས་ལུགས་དད་མོས་ཐ་དད་པས་སོ་སོར་ཁ་བྲལ་བ་མཐོང་རྒྱུ་ཡོད་ཀྱང་། ཆོས་ལུགས་ཤིག་མི་རིགས་ཐ་དད་ཀྱི་འགལ་བའི་དབང་གིས་འཐོར་ཞིག་ཏུ་སོང་བ་ཐོས་མ་མྱོང་།

མི་རིགས་ཤིག་འཇིག་ཉེན་ལ་འཕྲད་ཚེ། ཆོས་ལུགས་ནི་བྱིས་པ་ཞིག་དང་འདྲ་སྟེ་མི་རིགས་དེར་གྲོགས་དང་འཕྲིན་ལས་བསྒྲུབ་པར་དཀའ། མི་རིགས་ཤིག་ཞི་བདེའི་ངང་དུ་གནས་དུས། ཆོས་ལུགས་ནི་ཕ་མ་དང་སྤུན་ཟླ། བརྩེ་དུངས་ནང་བཞིན་དེ་ལ་སྤྲོ་སྐྱིད་སྩོལ་མཁན་ཡིན།

མི་རིགས་ཤིག་གིས་རང་གིས་བསྟེན་པའི་ཆོས་ལུགས་དོར་ནས་ཆོས་ལུགས་གཞན་ཞིག་ལ་སྐྱབས་སུ་རེ་སྲིད་ཀྱི། ཆོས་ལུགས་ཀྱིས་མི་རིགས་ཀྱི་བཙན་གཉོམ་དང་དབུལ་ཕྱུག་ལ་མི་བལྟ་བར་སུ་ལའང་ཕྱོགས་རིས་མེད་ཅིང་གང་ཡང་ཡལ་བར་འདོར་མི་བྱེད།

ཤ་གཙང་རུས་གཙང་གི་མི་རིགས་རྣམ་དག་ཅིག་རྙེད་དཀའ་བ་བཞིན། ཆོས་ལུགས་སོ་སོའི་བར་ལའང་ཤ་ཁྲག་གི་འབྲེལ་བ་ཡོད།

མི་རིགས་ཤིག་གིས་མི་རིགས་གཞན་ཞིག་མིང་གི་ལྷག་མར་གཏང་འདོད་ན་དྲག་ཤུལ་དང་རིག་གནས་ལ་བརྟེན་དགོས་ཤིང་། ཆོས་ལུགས་ཤིག་གིས་ཆོས་ལུགས་གཞན་ཞིག་གི་ཚབ་བྱེད་ན་རྒྱུ་འབྲས་དང་དུས་ཚོད་ལ་བརྟེན་དགོས།

མི་རིགས་ཀྱི་ཆེ་ཆུང་ནི་མི་གྲངས་མང་ཉུང་དང་འབྲེལ་བ་མེད་དེ། དཔལ་འབྱོར་དང་རིག་གནས་ལ་རག་ལས། ཆོས་ལུགས་ཀྱི་དར་རྒུད་ནི་ས་རྒྱའི་ཆེ་ཆུང་དང་འབྲེལ་བ་མེད་པར། དད་འབངས་ཀྱི་སེམས་ལ་རག་ལས་པར་སྣང་། ཆོས་ལུགས་གཅིག་ལ་བརྟེན་ནས་འཛམ་གླིང་ཡོངས་ཀྱི་སྒྲིག་ལམ་བསྐྱར་དུ་གཟུག་འདོད་པ་ནི་རྨི་ལམ་ཞིག་དང་མཚུངས། མི་རིགས་གཅིག་གིས་འཇིག་རྟེན་གསར་བ་ཞིག་བསྐྲུན་པར་འདོད་པ་ནི་སྟོང་བསམ་ཁོ་ན་རེད།

ཆོས་ལུགས་ཀྱིས་མི་རིགས་བར་དང་མི་རིགས་ནང་ཁུལ་དུ་འདྲ་མཉམ་ཡོང་མིན་ཐག་གིས་མི་ཆོད་ཅིང་། མི་རིགས་ཤིག་དབུལ་ཕོངས་ཀྱི་གནས་ལས་ཀྱང་ཐར་དུ་འཇུག་མི་ཐུབ། ཆོས་ལུགས་ནི་ཆོས་ལུགས་རྐྱང་རྐྱང་ཞིག་ཡིན་ན་འགྲིག་སྟེ། མི་རིགས་ཤིག་གི་ཆབ་སྲིད་དང་དཔལ་འབྱོར། དམག་དོན་སོགས་དང་འབྲེལ་ན་ཆོས་ལུགས་གཙང་མ་ཞིག་ཏུ་འགྱུར་མི་སྲིད།

ཆོས་ལུགས་ནི་མི་རིགས་གང་ལའང་འབྲེལ་བ་ཡོད་མོད། མི་རིགས་གང་དང་ཡང་མཚུངས་རྟགས་སྦྱོར་མི་རུང་།མི་རིགས་གང་ཡིན་ཡང་ཆོས་ལུགས་དང་འབྲེལ་བ་ཡོད་མོད། ཆོས་ལུགས་ནི་མི་རིགས་སུ་དང་ཡང་མཉམ་དུ་བསྲེས་མི་རུང་།

མི་རིགས་འཇིག་པར་གྱུར་ན། མི་རྣམས་ཀྱིས་རྗེས་དྲན་གྱི་ཚུལ་དུ་དབུགས་རིང་ཞིག་འབྱིན་ཏེ་མུ་མཐུད་དུ་མི་རབས་ཀྱི་རྒྱུན་བསྐྱང་ངེས། ཆོས་ལུགས་འཇིག་པར་གྱུར་ན། དག་པའི་ཞིང་དང་དམྱལ་བའི་ཁམས་ཀྱང་མི་གནས་ཤིང་། ནམ་མཁའ་དང་ས་གཞིའི་བར་གྱི་འགྲོ་བ་ནི་བདག་མེད་དྭ་ཕྲུག་ཁོ་ནའོ། །

 

(2009ལོར་ཟི་ལིང་དུ་བྲིས།)