༄༅།།བོད་ཀྱི་རྩོམ་རིག་ལམ་བུའི་ཐོག་གི་གནད་དོན་འགའ་ལ་ཅུང་ཟད་གླེང་བར་འདོད་པའི་གཏམ་སྨག་རུམ་སེལ་བའི་སྐྱ་རེངས།

ནང་དོན་གནད་བསྡུས།     
རྩོམ་ཡིག་ཐུང་ངུ་འདིའི་ནང་བོད་ཀྱི་རྩོམ་རིག་བརྩམས་ཆོས་ཀྱི་གནད་དོན་འགའ་སྟེ། རྩོམ་གྱི་བརྗོད་བྱ་དང་སྤྱི་ཚོགས་འཚོ་བའི་འབྲེལ་བ། རྩོམ་གྱི་ནང་དོན་དང་རྣམ་པ། རྩོམ་རིག་གི་སྐད་ཆ། རྩོམ་རིག་གི་མི་རིགས་
ཁྱད་ཆོས་སྐོར་སོགས་ལ་ཅུང་ཟད་གླེང་ཁུལ་བྱས་ཡོད།
བརྡ་ཆད་གཙོ་བོ།   རྩོམ་རིག   སྤྱི་ཚོགས་འཚོ་བ།   ནང་དོན།      རྣམ་པ།   རྩོམ་རིག་གི་སྐད་ཆ།      མི་རིགས་ཁྱད་ཆོས།
དཀར་གཙང་ཀེ་ལ་ཤའི་ས་འཛིན་གྱི་ར་བས་ཡོངས་སུ་སྐོར་བའི་བོད་ཁ་བ་ཅན་འདི་ཉིད་ད་བར་འཛམ་གླིང་གི་ཡང་རྩེ་རུ་འགྱིང་ངེར་གནས་ཤིང་།ཕྱོགས་བཞི་མཚམས་བརྒྱད་ལ་སྙན་གྲགས་ཀྱི་བ་དན་གཡོ་བའི་རྒྱུ་མཚན་གཙོ་བོ་ནི་བོད་ཀྱི་འོད་སྟོང་འཕྲོ་བའི་རིག་གནས་ཀྱི་བཀའ་དྲིན་ལས་བྱུང་བ་ཡིན་ཞིང་། མ་འོངས་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་དུ་ བསྙེགས་པར་ཡང་བོད་ཀྱི་རིག་གནས་ལ་བརྟེན་དགོས་པ་ནི་སྨྲ་མི་དགོས་པ་ཞིག་རེད།                དེ་ཡང་རྩོམ་རིག་ནི་བོད་ཀྱི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། འདས་ཟིན་ པའི་དུས་ཚོད་ནང་རང་ཅག་བོད་མི་རིགས་ལ་རྩོམ་རིག་མཁས་ཅན་ནམ་མཁའི་སྐར་ཚོགས་ཇི་བཞིན་གྲངས་ལས་འདས་པ་བྱོན་མྱོང་ཞིང་། སྙན་ངག་མཁས་ཅན་དང་བརྩམས་སྒྲུང་ མཁས་ཅན། ལྷུག་རྩོམ་མཁས་ཅན་སོགས་ཀྱི་རྩོམ་པ་པོ་ཆར་རྗེས་ཀྱི་མྱུ་གུ་ཇི་བཞིན་ཐོན་ བཞིན་ཡོད།ལྷག་པར་དུ་དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུ་པ་ནས་བཟུང་འཛམ་གླིང་གི་ས་གནས་ཁག་དང་འདྲ་བར་རང་རེའི་བོད་མི་རིགས་ཀྱི་རྩོམ་རིག་གསར་རྩོམ་ཐད་ལ་ གསོན་ཤུགས་ལྡན་པའི་འཕེལ་རྒྱས་ཀྱི་མཐོ་རླབས་གསར་པ་ཞིག་འཕྱུར། དེས་བོད་ཀྱི་རྩོམ་ རིག་གསར་རྩོམ་གྱི་བགྲོད་ལམ་དེ་བས་རྒྱ་ཆེ་ལ་ཁོད་སྙོམས་པར་བཏང་ཡོད། འོན་ཀྱང་དེང་སང་གི་སྨྱུག་ཐོག་པ་མང་པོས་བོད་ཀྱི་རྩོམ་རིག་གསར་རྩོམ་གྱི་གནད་དོན་ འགའ་ལ་སྔར་བཞིན་གོ་བ་ལེན་མི་ཤེས་པའམ་གོ་བ་ལེན་སྟངས་འཁྲུལ་བཞིན་འདུག སྣང་ ཚུལ་དེས་རྐྱེན་པས་ཁོ་བོས་གནད་དོན་དེའི་སྐོར་ལ་ཅུང་ཟད་ལྒིང་བར་འདོད་པ་ཡིན།
  དང་པོ།     རྩོམ་རིག་གིས་དོན་དངོས་ཀྱི་སྤྱི་ཚོགས་འཚོ་བ་ངོ་མ་ མཚོན་དགོས་པའི་ངེས་པ་མེད་ཚུལ་བཤད་པ།       
   
  དེ་ཡང་རྩོམ་རིག་ནི་སྤྱི་ཚོགས་འཚོ་བའི་འདུ་ཤེས་ཀྱི་རྣམ་པ་ཞིག་དང་སྟེང་གི་བཀོད་པ་ ཡིན་པའི་ཆ་ནས། དེ་ནི་ངེས་གཏན་གྱི་སྤྱི་ཚོགས་ཀྱི་དཔལ་འབྱོར་རྨང་གཞིའི་སྟེང་བྱུང་བ་ དང་འཕེལ་རྒྱས་འགྲོ་བ་ཡིན། རྩོམ་རིག་གི་ནང་དོན་ཕྱོགས་ནས་བལྟས་ན། དུས་རབས་ངེས་ གཏན་གྱི་རྩོམ་རིག་གིས་དུས་རབས་དེའི་སྤྱི་ཚོགས་འཚོ་བ་ཚུར་སྣང་དང་སྐབས་དེའི་རྩོམ་ རིག་འཕེལ་རྒྱས་ཀྱི་ཆུ་ཚད་གསལ་སྟོན་བྱེད་ཀྱི་ཡོད།དཔེར་ན།གདོད་མའི་སྤྱི་ཚིགས་ཀྱི་རྩོམ་རིག་ནི།གདོད་མའི་མི་རྣམས་ཐོན་སྐྱེད་ངལ་རྩོལ་བྱེད་པའི་བརྒྱུད་རིམ་ནང་རང་བྱུང་ཁམས་དང་འཐབ་རྩོད་བྱེད་པའི་གོ་རིམ་ཁྲོད་རིམ་བཞིན་བྱུང་བ་དང་འཕེལ་རྒྱས་འགྲོ་བ་ཡིན་ལ། སྐབས་དེའི་རྩོམ་རིག་བརྩམས་ཆོས་དེ་དག་ལས་གདོད་མའི་སྤྱི་ཚོགས་ཀྱི་མི་རྣམས་ཀྱི་རིག་ གནས་ཆུ་ཚད་ཀྱང་ཤེས་རྟོགས་ཐུབ་པ་ཡིན། མདོར་ན། ངལ་རྩོལ་གྱིས་རྩོམ་རིག་གསར་དུ་ གཏོད་པ་ཡིན།
   མི་འགའ་ཞིག་གིས་རྩོམ་རིག་ལ་སྔོན་ཐོན་དང་རྗེས་ལུས་ཀྱི་དབྱེ་བ་ཕྱེ་བཞིན་འདུག བདག་གིས་བལྟས་ན་རྩོམ་རིག་དང་རིག་གནས་ལ་སྔོན་ཐོན་དང་རྗེས་ལུས་ཀྱི་དབྱེ་བ་མེད་པར་འདོད།རྒྱུ་མཚན་ནི་རྩོམ་རིག་དེ་སྐབས་དེའི་སྤྱི་ཚོགས་ཀྱི་འཚོ་བ་དངོས་ལ་འཚམ་མི་ འཚམ་མམ་སྤྱི་ཚོགས་དེ་དང་མཐུན་མི་མཐུན་གྱི་དབྱེ་བ་ཡོད་པ་ལས། སྔོན་ཐོན་དང་རྗེས་ ལུས་ཀྱི་ཁྱད་པར་མེད།དཔེར་ན།གདོད་མའི་སྤྱི་ཚོགས་ཀྱི་རྩོམ་རིག་ལྟ་བུ་གདོད་མའི་སྤྱི་ཚོགས་ལ་མཚོན་ན་གསོན་ཤུགས་ལྡན་པའི་རྩོམ་རིག་ཞིག་ཡིན་ལ།སྐབས་དེའི་སྤྱི་ཚོགས་ལ་འཕྲོད་པ་ཡིན། འོན་ཀྱང་གདོད་མའི་སྤྱི་ཚོགས་ཀྱི་རྩོམ་རིག་དེ་དེང་སང་སྤྱི་ཚོགས་ཀྱི་ངོས་ནས་  བཤད་ན། སྤྱི་ཚོགས་ཀྱི་འཕེལ་རྒྱས་དངོས་དང་མཐུན་གྱི་མེད། འོ་ན།གདོད་མའི་སྤྱི་ཚོགས་ཀྱི་རྩོམ་རིག་ནི་སྔོན་ཐོན་ཡིན་ནམ་རྗེས་ལུས་ཡིན། དེར་ལན་འདེབས་དཀའ་བ་ཞིག་རེད། དེ་བཞིན། ད་ལྟའི་སྤྱི་ཚོགས་ཀྱི་རིག་གནས་དག་ཇི་ལྟར་ཁྱད་དུ་འཕགས་པ་ཞིག་ཡིན་རུང་ གདོད་མའི་མིའི་ངོས་ནས་བཤད་ན་དེ་དག་ལ་རིན་ཐང་ཏིལ་འབྲུ་ཙམ་ཡང་ཡོད་མི་སྲིད། རྒྱུ་མཚན་ནི་ད་ལྟའི་སྤྱི་ཚོགས་ཀྱི་རིག་གནས་དག་གིས་གདོད་མའི་མིའི་བསམ་བློ་དང་བརྩེ་དུང་མཚོན་མི་ནུས་པས་ཡིན། དཔེར་ན། མྱ་ངམ་ཐང་དུ་སྐོམ་པའི་གདུང་བས་མནར་བའི་སྐྱེ་ བོ་ཞིག་ལ་མཚོན་ན།གསེར་དངུལ་གྱིས་ལུས་པོ་བྱུག་པོར་གཏམས་ཀྱང་ཕན་ནུས་ཁ་གང་མེད་པ་ཇི་བཞིན་ནོ།དེ་དག་ནི་ཕན་ཚུན་བལྟོས་བཅས་ཀྱི་འབྲེལ་བ་ཡིན་པས་སྔོན་ཐོན་དང་རྗེས་ལུས་ཀྱི་དབྱེ་བ་ཕྱེ་ན་མི་འགྲིག་པར་འདོད།
    དེ་ཡང་རྩོམ་རིག་ནི་སྤྱི་ཚགས་ཀྱི་འཚོ་བ་ལས་བྱུང་ཞིང་།ངལ་རྩོལ་འཚོ་བའི་དགོས་མཁོར་གཞིགས་ནས་རྩོམ་རིག་བྱུང་བ་ཡིན།གདོད་མའི་རྣམ་པའི་རྩོམ་རིག་ལ་མངོན་གསལ་གྱི་ཁྱད་ཆོས་ཡོད་པ་ནི་ཐུན་མོང་གི་ངག་ཐོག་ལས་བརྩམས་པ་ཡིན།དཔེར་ན།དམངས་གཞས་དང་གཏམ་དཔེ་ལྟ་བུ།དེ་བཞིན་གདོད་མའི་སྤྱི་ཚོགས་ཀྱི་ལྷ་སྒྲུང་ལྟ་བུ།ལྷ་སྒྲུང་དེ་ཡང་གདོད་མའི་རྩོམ་རིག་གི་རྣམ་པ་ཞིག་ཡིན་པའི་ཆ་ནས། དེ་ནི་གདོད་མའི་མི་རྣམས་ཐོན་སྐྱེད་ངལ་ རྩོལ་བྱེད་པའི་བརྒྱུད་རིམ་ནང་།གློག་དམར་འཁྱུག་པ་དང་འབྲུག་སྒྲ་ལྡིར་བ་སོགས་རང་བྱུང་གི་སྣང་ཚུལ་དེ་དག་ལ་ཡ་མཚན་སྐྱེས་ནས། ཁོ་ཚོའི་སྣང་ངོར་དེ་དག་ཐམས་ཅད་ནི་ལྷ་ཡིས་ སྤྲུལ་པ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད།རྒྱུ་མཚན་ནི་སྐབས་དེའི་ཐོན་སྐྱེད་ནུས་ཤུགས་ཀྱི་ཆུ་ཚད་དམའ་བ་དང་། མི་རྣམས་ཀྱི་རིག་གནས་ཆུ་ཚད་དམའ་བས། ཡང་དག་པའི་སྒོ་ནས་ རང་བྱུང་གི་སྣང་ཚུལ་དེ་དག་ལ་འགྲེལ་བཤད་བྱེད་མི་ཤེས་པས་ཡིན།དེ་ནི་དེང་སང་གི་མང་ཚོགས་མང་པོས་གནམ་ལ་འབྲུག་སྐད་རྒྱག་མཁན་གྱི་སེམས་ཅན་འབྲུག་ཞེས་པ་ཞིག་ཡོད་ པར་བརློམ་པ་ཇི་བཞིན་ནོ།དེས་ན།སྐབས་དེ་དུས།མི་མང་པོས་ལྷ་སྒྲུང་དང་གདོན་འདྲེ་སོགས་ཀྱི་རྩོམ་རིག་བརྩམས་ཆོས་མང་པོ་འབྲི་བཞིན་ཡོད།        དེ་ལྟ་བུའི་རྩོམ་རིག་དེ་དག་ཀྱང་དོན་དངོས་སྤྱི་ཚོགས་འཚོ་བའི་རྨང་གཞིའི་ཐོག་རྩོམ་པ་ པོའི་རྟོག་བཟོ་དང་འཁྱོག་བརྗོད་སོགས་ལ་བརྟེན་ནས་རིམ་བཞིན་བྱུང་བ་ཞིག་ཡིན།  (གསལ་བཤད་བྱེད་རྒྱུར།གདོད་མའི་མིའི་ངོས་ནས་བཤད་ན་སྣང་ཚུལ་དེ་དག་རྟོག་བཟོ་དང་འཁྱོག་བརྗོད་མིན་པར་སེམས། རྒྱུ་མཚན་ནི་སྐབས་དེ་དུས་ཀྱི་མིའི་བསམ་བློ་དང་རིག་ གནས་ཆུ་ཚད་དམའ་བས་ལྷ་འདྲེ་སོགས་དངོས་གནས་དྲང་བདེན་དུ་ཡོད་པར་བརྩི་སྲིད་ པས་སོ།)འོ་ན།  རྩོམ་རིག་དང་སྤྱི་ཚོགས་ཀྱི་དོན་དངོས་འཚོ་བ་གཉིས་ཀྱི་འབྲེལ་བ་གང་ཡིན་ཟེར་ན།རྩོམ་རིག་གང་དང་གང་ཞིག་ཡིན་རུང་སྤྱི་ཚོགས་ཀྱི་དོན་དངོས་འཚོ་བའི་ཁྲོད་ནས་བྱུང་བ་ཞིག་ཡིན་ལ།དེ་དང་དོན་དངོས་སྤྱི་ཚོགས་གཉིས་ཕན་ཚུན་ཉ་ཆུ་བཞིན་ ཁ་བྲལ་ཐབས་མེད། མདོར་ན། སྤྱི་ཚོགས་ཀྱི་དོན་དངོས་འཚོ་བ་རྨང་གཞིར་མི་འཛིན་པའི་ རྩོམ་རིག་བརྩམས་ཆོས་གཅིག་ཀྱང་མེད།འོན་ཀྱང་རྩོམ་རིག་བརྩམས་ཆོས་དེས་སྤྱི་ཚོགས་ཀྱི་འཚོ་བ་ངེས་པར་མཚོན་དགོས་ནའང་། སྤྱི་ཚོགས་ཐོག་གི་འཚོ་བ་ངོ་མ་མཚོན་དགོས་པའི་ ངེས་པ་མེད། སྐྱེ་བོ་མང་པོས་སྤྱི་ཚོགས་ཀྱི་འཚོ་བ་ངོ་མ་མཚོན་རྒྱུ་ནི་རྩོམ་རིག་གི་འགན་འཁྲིའམ་དམིགས་ཡུལ་ཡིན་ཟེར། ད་དུང་འཚོ་བ་ངོ་མ་མཚོན་མེད་པ་ནི་ང་ཚོའི་རྩོམ་རིག་ གསར་རྩོམ་གྱི་མི་འདང་སའི་ཆ་ཡིན་པའི་སྐོར་བཤད་ཀྱི་འདུག  བདག་གིས་བལྟས་ན། རྩོམ་རིག་གིས་དོན་དངོས་ཀྱི་སྤྱི་ཚོགས་འཚོ་བ་ངོ་མ་མཚོན་དགོས་པའི་ངེས་པ་མེད་དེ། རྩོམ་རིག་བརྩམས་ཆོས་ནི་མཚན་ཉིད་རིག་པ་དང་ལོ་རྒྱུས།སྤྱི་ཚོགས་ཚན་རིག་རིག་པ་སོགས་དང་མི་འདྲ། རྒྱུ་མཚན་ནི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་སོགས་ཀྱི་བརྩམས་ཆོས་དེ་དག་ནི་རང་བྱུང་དང་སྤྱི་ཚོགས་སྟེང་གི་སྣང་ཚུལ་མང་པོར་དབྱེ་ཞིབ་དང་ཕྱོགས་ བསྡོམས། བརྡར་ཤ་དང་རྗེས་དཔག་སོགས་ལ་བརྟེན་ནས། མཚན་ཉིད་དང་སྤྱི་འགྲོས། གཏན་སྲོལ་དང་རིག་པའི་གཞུང་ལུགས་སོགས་ཀྱི་རྣམ་པའི་སྟེང་ནས་གསལ་སྟོན་བྱེད་ཀྱི་ ཡོད་ལ། དེས་མི་རྣམས་ལ་ཐད་ཀར་རང་བྱུང་ཁམས་དང་མིའི་རིགས་སྤྱི་ཚོགས་ཀྱི་ཆོས་ཉིད་ ལྡན་ལྡན་པའི་ཤེས་བྱ་དག་ངོ་སྤྲོད་དང་མཚམས་སྦྱོར་བྱེད་ཀྱི་ཡོད།   མཚན་ཉིད་རིག་པ་དང་ཚན་རིག་བརྩམས་ཆོས་དེ་དག་གིས་ཕྱི་རོལ་གྱི་འཇིག་རྟེན་ཚུར་སྣང་དང་།དོནདངོས་ཀྱི་སྤྱི་ཚོགས་འཚོ་བར་ཞིབ་འཇུག་བྱེད་ཀྱི་ཡོད་ལ།རྒྱུན་དུ་དོན་དངོས་ཟིན་ཐོར་བཀོད་པའི་རྒྱུ་ཆ་བདེམས་སྒྲིག་བྱེད་ལ།སྤྱི་མཚན་རིག་པའི་ཐབས་ཤེས་བཀོལ་སྤྱོད་བྱེད་ཀྱི་ཡོད། རྩོམ་རིག་བརྩམས་ཆོས་ཀྱིས་མ་གཞི་སྤྱི་ཚོགས་ཀྱི་འཚོ་བ་མཚོན་གྱི་ཡོད་རུང་།  སྤྱི་ཚོགས་ཀྱི་དོན་དངོས་འཚོ་བ་མཚོན་པའི་ངེས་པ་མེད།རྒྱུ་མཚན་ནི་རྩོམ་རིག་བརྩམས་ཆོས་ཀྱིས་སྤྱི་ཚོགས་ཀྱི་འཚོ་བ་རྨང་གཞིར་བཟུང་པ་གང་ཞིག དེར་ད་དུང་རྩོམ་པ་པོ་རང་ཉིད་ ཀྱི་རྟོག་བཟོ་དང་འཁྱོགས་བརྗོད།དགའ་སྐྱོ་ཆགས་སྡང་གི་བསམ་པའི་བརྩེ་དུང་སོགས་འབྲི་ཆོག མདོར་ན། རྩོམ་རིག་བརྩམས་ཆོས་ནི་ཕྱི་རོལ་ཡུལ་གྱི་དོན་དངོས་འཚོ་བ་དང་རྩོམ་པ་ པོའི་རང་སྣང་བསམ་པའི་བརྩེ་དུང་གཉིས་ཀྱི་ཟུང་འབྲེལ་ལམ་མཉམ་བསྡུས་ཡིན།རྩོམ་རིག་བརྩམས་ཆོས་ནང་རྩོམ་པ་པོས་རང་གི་དད་མོས་ལྟར། རབ་རྟོག་དང་འཁྱོག་བརྗོད་བཀོལ་ སྤྱོད་བྱས་ཆོག་ལ། སྒྲོ་རྟོག་དང་སྐུར་བ་སོགས་ཀྱི་ཐབས་ཤེས་ཀྱང་བེད་སྤྱོད་བྱས་ཆོག དེ་ བཞིན་རྩོམ་པ་པོས་ཕུགས་བསམ་གྱི་འཚོ་བ་འབྲི་ཆོག་ལ། མཛེས་ཆོས་ཀྱི་བལྟ་བའང་དྲངས་ ཆོག དགོད་བྲོ་བ་ཞིག་ལ་དེང་སང་གི་ལོ་རྒྱུས་སྨྲ་བ་ཡིན་ཟེར་མཁན་གྱི་ན་གཞོན་འགས་ལོ་ རྒྱུས་ཀྱི་དཔྱད་གཞིའི་ཡིག་ཆ་མང་པོ་ཞིག་བོད་ཀྱི་སྔ་མོའི་རྩོམ་རིག་བརྩམས་ཆོས་ནང་ནས་བསྡུ་ལེན་བྱེད་གྱིན་ཡོད་པ་དེ་རེད།སྤྱིར་ཚང་མས་མཁྱེན་གསལ་ལྟར།ལོ་རྒྱུས་ལ་འཁྱོག་བརྗོད་དང་སྒྲོ་བཏགས་བྱེད་མི་ཉན་པས། ལོ་རྒྱུས་དང་རྩོམ་རིག་ནི་ཁག་ཁག་རེད། གཅིག་གིས་ངེས་ པར་དུ་དོན་དངོས་མཚོན་དགོས་ཤིང་གཅིག་ཤོས་དེས་དོན་དངོས་མཚོན་པའི་ངེས་པ་མེད།ལོ་རྒྱུས་ནི་ལོ་རྒྱུས་རང་ཡིན་པས་མི་རྣམས་ཀྱི་ལོ་རྒྱུས་གསར་བཟོ་བྱེད་མི་ཉན་ལ། རང་གིས་ བསམ་བློར་བརྟེན་ནས་ལོ་རྒྱུས་འབྲི་མི་ཆོག འོན་ཀྱང་རྩོམ་རིག་ནི་རྩོམ་པ་པོས་གསར་བཟོ་ བྱེད་ཆོག་ལ།རྩོམ་པ་པོའི་བསམ་བློར་བརྟེན་ནས་འབྲི་ཆོག་པ་ཡིན་ཞིང་།རྩོམ་རིག་ནི་བསམ་བློའི་གོ་ཆ་ཞིག་ཡིན།
   རྩོམ་རིག་བརྩམས་ཆོས་ནང་རྩོམ་པ་པོས་དངོས་ཡོད་ཀྱི་ཐོག་ནས་དོན་དངོས་འཚོ་བ་   འབྲི་བ་ཉུང་བ་ཡིན།དེ་བཞིན་རྩོམ་པ་པོས་རང་གིས་བརྗོད་པར་འདོད་པའི་དོན་དེ་ཐད་ཀར་ཚིག་ཟིན་ལ་དངོས་སུ་མ་བསྟན་པར།དངོས་པོ་གཞན་གྱི་ཁྱད་ཆོས་དང་བྱེད་ནུས་སོགས་ལ་ཁ་གཡར་ནས་རང་གི་བརྗོད་དོན་ཤུགས་སུ་བསྟན་ཆོག་པ་ཡིན་པས། དེས་ཀློག་པ་པོ་ལ་ བསམ་གཞིགས་ཀྱི་ནུས་པའང་སྦྱིན་ཐུབ་པ་ཡིན།             བསམ་བློ་ནི་རྩོམ་རིག་བརྩམས་ཆོས་ཀྱི་རྣམ་ཤེས་ལྟ་བུ་ཡིན་པས།རྩོམ་རིག་བརྩམས་ཆོས་ཀྱང་མི་ཞིག་དང་འདྲ་བར་རྣམ་ཤེས་མེད་ན་ཚེ་སྲོག་འབྱུང་མི་སྲིད་པའོ། དུས་རབས་གང་འདྲ་ ཞིག་གིས་རྩོམ་རིག་ཡིན་ནའང་།དེ་ནི་སྤྱི་ཚོགས་ཀྱི་འཚོ་བའི་ཡང་དག་གམ་འཁྱོག་བརྗོད་ཀྱི་ཚུར་སྣང་ཡིན་པས།དེས་སྤྱི་ཚོགས་འཚོ་བར་རྣམ་པ་མི་འདྲ་བའི་ནུས་པ་འདོན་གྱི་ཡོད།མདོར་ན། རྩོམ་རིག་གིས་ལྷག་པར་དུ་སྒྱུ་རྩལ་རྩོམ་རིག་གིས་སྤྱི་ཚོགས་འཚོ་བ་དངོས་སུ་བརྩམས་ ཆོས་ནང་མི་བསྟན་པར། ཀློག་པ་པོ་རྣམས་ཀྱི་ཤུགས་སུ་གོ་ཐུབ་པ་ཡིན། དཔེར་ན།   《ཚངས་དབྱངས་རྒྱ་མཚོའི་མགུར་གླུ》ལྟ་བུར་མཚོན་ན། ཕྱི་ཚུལ་ནས་ཤོ་ལོ་ཀའི་ནང་དོན་ཕལ་ཆེ་བར་ཕོ་མོའི་བརྩེ་དུང་བྲིས་ཡོད་ནའང་།ཤུགས་སུ་སྐབས་དེའི་སྤྱི་ཚོགས་ཀྱི་ཆོས་སྲིད་ཀྱི་ནང་དོན་གོ་ཐུབ་པ་བཞིན་ནོ། དེ་བཞིན《མེ་ཏོག་ལྡུམ་རའི་ནང་གི་ཀླན་ཀ》ལྟ་བུ་བསྡུས་བརྗོད་དང་རབ་རྟོག་གི་སྒོ་ནས་བྲིས་ཆོག་པ་ཡིན། སྤྱི་ཚོགས་ཀྱི་འཚོ་བ་མཚོན་ སྟངས་ལའང་དངོས་ཡོད་རིང་ལུགས་དང་འཆར་ཡན་རིང་ལུགས་ཀྱི་རྩོམ་རིག་གསར་རྩོམ་གྱི་ཐབས་ཤེས་ཡོད་པས་དེར་རེ་རེ་བཞིན་ལྒིང་བར་མི་བྱ་བའོ།
   གཉིས་པ།        རྩོམ་རིག་གི་སྐད་ཆ་བཤད་པ།
  དེ་ཡང་རྩོམ་རིག་གི་སྐད་ཆ་ལ་ཁྱབ་ཆེ་བའི་གོ་དོན་དང་ཁྱབ་ཆུང་བའི་གོ་དོན་གཉིས་ ཡོད་པར་འདོད། ཁྱབ་ཆེ་བའི་རྩོམ་རིག་གི་སྐད་ཆ་ནི་མི་རིགས་ཐུན་མོང་གི་སྐད་ཆའི་སྟེང་ ལས་སྣོན་བྱས་ནས་བྱུང་བའི་ཡིག་ཐོག་གི་སྐད་ཆ་ཞིག་ལ་ངོས་འཛིན་ན་ཆོག དེར་རྩོམ་ རིག་བརྩམས་ཆོས་ཀྱི་སྐད་ཆ་དང་། ཚན་རིག་གི་བརྩམས་ཆོས། ཆབ་སྲིད་སྐོར་གྱི་དཔྱད་རྩོམ་ དང་དུས་དེབ་དང་ཚགས་པར་སོགས་ཡིག་ཐོག་གི་སྐད་ཆ་ཁོངས་སུ་གཏོགས་ཤིང་།དེ་བཞིན་ལས་སྣོན་བྱས་པའི་ཁ་ཐོག་གི་སྐད་ཆའང་གཏོགས་པ་ཡིན། སྐད་བརྡ་རིག་པའི་སྐབས་ཀྱི་ རྩོམ་རིག་སྐད་ཆའི་གོ་དོན་ཡང་ཁྱབ་ཆེ་བའི་རྩོམ་རིག་སྐད་ཆའི་ཁོངས་ཡིན།ཁྱབ་ཆུང་བའི་རྩོམ་རིག་གི་སྐད་ཆ་ནི་སྤྱིར་བཏང་དུ་སྙན་ངག་དང་། ལྷུག་རྩོམ། བརྩམས་སྒྲུང་། ཟློས་གར་ སོགས་ཀྱི་རྩོམ་རིག་བརྩམས་ཆོས་ཀྱི་སྐད་ཆ་དང་།དེ་བཞིན་མི་དམངས་ཀྱི་ཁ་ཐོག་ནས་གསར་རྩོམ་དང་ལས་སྣོན་བྱས་པའི་སྐད་ཆ་ལ་ངོས་འཛིན་བྱས་ན་ཆོག་པ་ཡིན།    རྩོམ་རིག་གཞུང་ལུགས་སྟེང་བཤད་པའི་རྩོམ་རིག་གི་སྐད་ཆའི་གོ་དོན་ནི་སྤྱིར་བཏང་དུ་ཁྱབ་ཆུང་བའི་རྩོམ་རིག་གི་སྐད་ཆ་ལ་བྱ་བ་ཡིན། སྤྱིར་རྩོམ་རིག་གི་སྐད་ཆ་ནི་མང་ཚོགས་ཀྱི་ཁ་ ཐོག་སྐད་ཆ་ནས་རིམ་བཞིན་བྱུང་བ་ཡིན་ཞིང་། དེ་ནི་མི་ག་གེ་མོས་གསར་རྩོམ་བྱས་པ་མ་ ཡིན་པར། མི་དམངས་ཀྱི་ཁ་ཐོག་སྐད་ཆའི་རྨང་གཞིའི་སྟེང་རིམ་བཞིན་ལས་སྣོན་དང་སྲེག་ བཅད་བརྡར་གསུམ་གྱི་སྒོ་ནས་སྦྱོང་བརྡར་སོགས་བྱས་ནས་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་རིམ་བཞིན་བྱུང་བ་དང་ཕུན་སུམ་ཚོགས་པར་འཕེལ་རྒྱས་འགྲོ་བཞིན་ཡོད།རྒྱུ་མཚན་ནི་ཡི་གེ་མེད་པའི་གནའ་བོའི་སྤྱི་ཚིགས་སྐབས་སུ་མི་རྣམས་ཀྱི་ཁ་ཐོག་གི་སྐད་ཆ་དང་། ལག་བརྡ་ སོགས་ཀྱི་ཐོག་ནས་ཕན་ཚུན་བར་འབྲེལ་འདྲིས་དང་འབྲེལ་བ་བྱེད་ཀྱི་ཡོད་ཅིང་།རིམ་བཞིན་སྤྱི་ཚོགས་འཕེལ་རྒྱས་འགྲོ་བ་དང་།སྤྱི་ཚོགས་ཀྱི་དགོས་མཁོ་དང་བསྟུན་ནས་ཡི་གེ་བྱུང་བ་ ཡིན་ཞིང་།ཡི་གེ་བྱུང་བ་ནས་བཟུང་སྐད་ཆ་ལ་ཡིག་ཐོག་གི་རྣམ་པ་བྱུང་བ་རེད།ཡིག་ཐོག་གི་སྐད་ཆ་རིམ་བཞིན་འཕེལ་རྒྱས་འགྲོ་བ་དང་མི་རྣམས་ཀྱིས་ཡིག་ཐོག་ནས་རང་བྱུང་དང་སྤྱི་ཚོགས་ཀྱི་སྣང་ཚུལ་འབྲི་བའི་བརྩམས་ཆོས་དུ་མ་བྲིས་ཤིང་།རིམ་བཞིན་རིམ་བཞིན་རྩོམ་རིག་གི་སྐད་ཆ་བྱུང་བ་རེད།མདོར་ན།རྩོམ་རིག་གི་སྐད་ཆ་ནི་མི་དམངས་ཀྱི་ཁ་ཐོག་སྐད་ཆ་ནས་རིང་བཞིན་འཕོ་གྱུར་བྱུང་བ་ལ་བསྟེན་ནས་བྱུང་ཞིང་། དེའི་ཐ་སྙད་དང་། སྒྲ་གདངས། བརྡ་སྤྲོད་སོགས་ཀྱང་ཁ་ཐོག་སྐད་ཆའི་སྟེང་རིམ་བཞིན་བྱུང་བ་ཡིན།དེས་ན།རྩོམ་རིག་གི་སྐད་ཆ་མི་དམངས་ཀྱི་དང་ལེན་བྱེད་སླ་ཞིང་། འབྲེལ་འདྲིས་བྱེད་སླ་བའི་རང་བཞིན་ཡོད་དོ།    རྩོམ་རིག་གི་སྐད་ཆའི་འབྱུང་རྩ་ནི་མི་དམངས་ཀྱི་ཁ་ཐོག་སྐད་ཆ་ཡིན་པས། དེ་གཉིས་ཕན་ ཚུན་ཁ་བྲལ་མི་རུང་བ་ཡིན།འོན་ཀྱང་དེ་གཉིས་བར་ལའང་ཁྱད་པར་ཡོད་དེ།རྩོམ་རིག་སྐད་ཆ་ལ་ཡོངས་ཁྱབ་རང་བཞིན་ལྡན་ཅིང་།ཁ་ཐོག་སྐད་ཆ་ལ་ཡུལ་སྐད་ཀྱིས་ཤན་ཞུགས་པ་མང་བས་ཡོངས་ཁྱབ་ཁྱད་ཆོས་ཆུང་བ་ཡིན།ཁ་ཐོག་གི་སྐད་ཆར་ལག་བརྡ་དང་རྣམ་འགྱུར་སོགས་ཀྱིས་རོགས་སྐྱོར་འོག་བསམ་བློ་མཚོན་པར་བྱེད། རྩོམ་རིག་གི་སྐད་ཆར་ངེས་པར་དུ་གནད་ ལ་འཁེལ་བ་དང་། ཡང་དག གསོན་ཉམས་ལྡན་པ། མངོན་གསལ་དོད་པ་སོགས་ཀྱི་ཁྱད་ཆོས་ ལྡན་དགོས་པ་ཡིན།རྩོམ་པ་པོ་ཞིག་གིས་ངོས་ནས་བཤད་ན།རྩོམ་རིག་གི་སྐད་ཆར་བརྟེན་ནས་རང་གི་བསམ་བློའམ་ལྟ་བ་བརྩེ་དུང་སོགས་ཀློག་པ་པོར་ངོ་སྤྲོད་བྱེད་དགོས་པས།རྩོམ་རིག་གི་སྐད་ཆར་དོ་སྣང་ཤུགས་ཆེན་བྱ་དགོས་པ་ཡིན། དཔེར་ན། མཁས་དབང་དགེ་འདུན་ཆོས་ འཕེལ་དང་དོན་གྲུབ་རྒྱལ་གཉིས་ཀྱི་ཕྱག་རྩོམ་ལྟ་བུ་རེད། རྩོམ་རིག་གི་སྐད་ཆ་བབ་ཆགས་ ཤིང་སྙན་ཞིང་འཇེབས་ལ། མདོ་དབུས་ཁམས་གསུམ་གྱི་ཀློག་པ་པོ་སུ་ཞིག་གིས་བལྟས་རུང་ གོ་བདེ་བའི་ཁྱད་ཆོས་མངོན་གསལ་དོད་པོ་ཡོད།
       གསུམ་པ།  རྩོམ་གྱི་ནང་དོན་དང་རྣམ་པ་བཤད་པ།  
    དེ་ཡང་རྩོམ་རིག་བརྩམས་ཆོས་ཙམ་མ་ཟད་རང་བྱུང་ཁམས་དང་མིའི་རིགས་སྤྱི་ཚོགས་ ཀྱི་བྱ་དངོས་མཐའ་དག་ལ་ནང་དོན་དང་རྣམ་པ་ཡོད། དཔེར་ན་ཐོན་སྐྱེད་ནུས་ཤུགས་ནི་ ནང་དོན་དང་ཐོན་སྐྱེད་འབྲེལ་བ་ནི་རྣམ་པ་ཡིན།ཐོན་སྐྱེད་ནུས་ཤུགས་དང་ཆ་མཐུན་པའི་ཐོན་སྐྱེད་འབྲེལ་བ་ཞིག་ཡོད་ན་སྤྱི་ཚོགས་དེའི་ཕྱོགས་གང་ཅིའི་ཐད་འཕེལ་རྒྱས་འགྲོ་ཞིང་དེ་ལས་ལྡོག་ན་འཕེལ་རྒྱས་འགྲོ་བར་བཀག་འགོག་བྱེད་ཀྱི་ཡོད།དེ་མིན་རང་ཅག་དེང་གི་བོད་ཀྱི་སྤྱི་ཚོགས་ལྟ་བུ་ལ་མཚོན་ན་དཔལ་འབྱོར་རྨང་གཞི་དང་སྟེང་གི་བཀོད་པའི་ཁོངས་ གཏོགས་རིག་གནས་གཉིས་དོ་མི་མཉམ་པས། རིག་གནས་ཀྱིས་དཔལ་འབྱོར་འཕེལ་རྒྱས་ལ་ དེ་ཙམ་གྱིས་ཕན་ནུས་འདོན་མི་ནུས་པ་ཡིན།རྒྱལ་པོ་སྲོང་བཙན་སྐབས་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་མྱུར་བའི་རྒྱུ་རྐྱེན་ནི་དཔལ་འབྱོར་རྨང་གཞི་དེ་དང་འཚམས་པའི་རིག་གནས་ ཤིག་ཡོད་པས་ཡིན། དེས་ན། རྩོམ་རིག་བརྩམས་ཆོས་ཀྱང་དེ་དང་འདྲ་བར། ནང་དོན་དང་ རྣམ་པ་གཉིས་ཆ་མཐུན་ན་རྩོམ་རིག་བརྩམས་ཆོས་དེ་ལེགས་གྲུབ་ལྡན་པ་ཞིག་ཡོང་ངེས་ཡིན།འཇིག་རྟེན་འདིའི་ཐོག་རྣམ་པ་མེད་པའི་ནང་དོན་ཅིག་མེད་ལ།ནང་དོན་མེད་པའི་རྣམ་པ་ཞིག་གཏན་ནས་མེད་དོ།རྩོམ་པ་པོས་ཅི་ཞིག་འབྲི་བ་དང་གང་འབྲི་བ་ནི་ནང་དོན་གྱི་ཁོངས་སུ་གཏོགས་ཤིང་། ཇི་ལྟར་འབྲི་བ་དང་གང་འདྲ་བྱས་ནས་འབྲི་བ་ནི་རྣམ་པའི་ཁོངས་སུ་ གཏོགས་པ་ཡིན། རྩོམ་རིག་བརྩམས་ཆོས་ཤིག་ལ་ཆ་མཚོན་ན། རང་ལུགས་དང་སྒྲུབ་བྱེད། བརྗོད་བྱ་དང་བརྗོད་བྱ་གཙོ་བོ་ནི་ནང་དོན་གྱི་ཆར་གཏོགས་ཤིང་། སྒྲིག་གཞི་དང་།  རྩོམ་ལུགས་སམ་རྩོམ་སྟངས། སྐད་ཆ་སོགས་ནི་རྩོམ་གྱི་རྣམ་པའི་ཁོངས་སུ་གཏོགས་པ་ཡིན། དེ་ཡང་དེ་གཉིས་ཀྱི་འབྲེལ་བ་ནི།ནང་དོན་མེད་ན་རྣམ་པ་འབྱུང་མི་སྲིད་ལ།རྣམ་པ་མེད་ན་ནང་དོན་འབྱུང་མི་སྲིད་པས། དེ་གཉིས་ཕན་ཚུན་གཅིག་ལ་གཅིག་རྟེན་གྱི་འབྲེལ་བ་ཡིན། ནང་དོན་གྱིས་རྣམ་པ་གཏན་འཁེལ་བྱེད་ཀྱི་ཡོད་ལ། རྣམ་པས་ནང་དོན་ལ་ཞབས་འདེགས་ ཞུ་དགོས་པ་ཡིན། རྩོམ་རིག་གསར་རྩོམ་གྱི་བརྒྱུད་རིམ་ནས་བལྟས་ན། སྔོན་ལ་ནང་དོན་བྱུང་ ཞིང་དེ་རྗེས་ནང་དོན་དེ་བདེ་བླག་ངང་གསལ་སྟོན་བྱེད་པའི་རྣམ་པ་བྱུང་བ་ཡིན། དེ་ཡང་ རྣམ་པ་དང་བསྡུར་ན།ནང་དོན་འཕེལ་རྒྱས་དང་འགྱུར་བ་སླ་ཞིང་།རྣམ་པའི་འགྱུར་བ་ཅུང་དལ་ཞིང་བརྟན་པ་ཡིན།ཕུལ་བྱུང་གི་བརྩམས་ཆོས་ཤིག་ལེགས་གྲུབ་ཡོང་བར་ནང་དོན་དང་རྣམ་པ་གཉིས་གསོན་ཉམས་ལྡན་པའི་ངང་ཟུང་འབྲེལ་བྱ་དགོས་པ་ཡིན།
    བཞི་པ།    རྩོམ་རིག་གི་མི་རིགས་ཁྱད་ཆོས་བཤད་པ།
    དེ་ཡང་རྩོམ་རིག་གི་མི་རིགས་ཁྱད་ཆོས་ཐད་ནས་བཤད་ན། མི་རིགས་རང་གི་   རྩོམ་རིག་དང་མི་རིགས་གཞན་གྱི་རྩོམ་རིག་བསྡུར་ན།མི་རིགས་སོ་སོར་རང་རང་གི་ཁྱད་ཆོས་རེ་ཡོད་པ་ནི་སྨོས་མི་དགོས་པ་ཞིག་རེད།རྩོམ་རིག་གི་མི་རིགས་ཁྱད་ཆོས་ཟེར་བ་ནི་མི་རིགས་སོ་སོའི་ལོ་རྒྱུས་དང་།སྲོལ་རྒྱུན་རིག་གནས།སྤྱི་ཚོགས་ཀྱི་འཚོ་བའི་ཁྱད་ཆོས་སོགས་རྩོམ་རིག་གསར་རྩོམ་ནང་གི་ཞིབ་ཕྲའི་ཚུར་སྣང་དང་།དུས་ཡུན་རིང་མོའི་དོན་དངོས་ཀྱི་གསར་རྩོམ་ནང་རིམ་བཞིན་བྱུང་བ་དང་འཕེལ་རྒྱས་འགྲོ་བ་ཡིན།
     རྩོམ་རིག་གི་མི་རིགས་ཁྱད་ཆོས་ནི་གཅིག་ནས་རྩོམ་རིག་གི་ནང་དོན་ཐད་ནས་  གསལ་སྟོན་བྱེད་ཀྱི་ཡོད་ལ།གཉིས་ནས་རྩོམ་རིག་གི་རྣམ་པའི་ཐོག་ནས་གསལ་སྟོན་བྱེད་ཀྱི་ཡོད།རྩོམ་རིག་གི་རྣམ་པའི་སྟེང་ནས་བཤད་ན།མི་རིགས་སོ་སོའི་རྩོམ་རིག་གིས་མི་རིགས་རང་ཉིད་ཀྱི་སྤྱི་ཚོགས་འཚོ་བ་ཚུར་སྣང་བྱེད་རྒྱུ་ལྟེ་བར་འཛིན་ཞིང་།མི་རིགས་སོ་སོའི་སྤྱི་ཚོགས་འཚོ་བའི་ནང་དོན་ཡང་མི་འདྲ་སྟེ། ས་ཁམས་ཁོར་ཡུག་དང་ཡུལ་སྲོལ་གོམས་གཤིས། སེམས་ཁམས་ཁྱད་ཆོས་སོགས་མི་འདྲ་བ་ཡིན།ང་ཚོ་བོད་མི་རིགས་ལ་མཚོན་ན།གངས་རི་དང་ནམ་མཁའ། སྤྲིན་དཀར། རྩྭ་ཐང་དང་སྦྲ་ནག་སོགས་འབྲི་བ་མང་ཞིང་། དེ་བཞིན། བོད་ མི་རིགས་ཀྱི་འཚོ་བ་དང་སྤྱི་ཚོགས།སེམས་ཁམས་མཚོན་པའི་རྩོམ་ཡིག་མང་པོ་ང་ཚོས་མཐོང་ཐུབ་པ་ཡིན།  དཔེར་ན།《ལང་ཚོའི་འབབ་ཆུ》《ས་སྒང་སྔས་སུ་བྱས་པའི་སྐར་མ་འོད་ཆེན》རྒོད་ཕྲུག་དཔལ་འབྱོར་གྱིས་བརྩམས་པའི《ཕ་ཡུལ་གྱི་ནམ་མཁའ།  ཕ་ཡུལ་གྱི་སྤྲིན་དཀར》ལྟ་བུ།  རྩོམ་རིག་གི་རྣམ་པའི་ཐོག་ནས་བཤད་ན། མི་རིགས་རང་གི་སྐད་ཆ་ནི་རྩོམ་རིག་གི་མི་རིགས་རྣམ་པའི་ཆ་ཤས་དང་པོ་དེ་ཡིན།དེ་བཞིན་བོད་མི་རིགས་ལ་མཚོན་ན། རྩོམ་རིག་གི་རྣམ་པའི་སྟེང་ནས་བཤད་ན། མཆོད་བརྗོད་འབྲི་བ་དང་། དེ་བཞིན་མི་རིགས་གཞན་ལ་མེད་པའི་ཀ་བཤད་རྩོམ་སྟངས་སོགས་མི་རིགས་ཀྱི་ཁྱད་ཆོས་དུ་མ་ཡོད་པས་དེར་གློ་བ་དེ་རེད་སྙིང་དེ་རེད་ཅེས་པའི་གཏམ་དཔེ་བཞིན་རེ་རེ་བཞིན་དུ་གླེང་བར་མི་བྱའོ།།
ནུབ་བྱང་ཚང་དུ།
༢༠༡༡ལོའི་ཟླ་༥པའི་ཚེས༡༣ཉིན།
© 2018 ལུག་ཚང་དཔལ་ཡོན། . Powered by WordPress. Theme by Viva Themes.