བོད་ཡིག་དགེ་རྒན་དཀྱུས་མ་ཞིག་གི་སེམས་གཏམ། ཕུན་ཁང་རྣམ་རྒྱལ་ཚེ་རིང་།

བདག་ལ་ཆ་མཚོན་ན་རྩོམ་ཡིག་འདི་ལྟ་བུ་ཞིག་འབྲི་དུས། རང་ཉིད་ནི་ཅི་འདྲའི་ཧམ་སེམས་ཚ་བ་དང་འཇོན་པོ་རྒོད་པོ་ཞིག་ཏུ་མཐོང་སྣང་ཡོང་གི་འདུག དེ་བས་ཀྱང་བརྗོད་པར་འདོད་པའི་ཚིག་འབྲུ་རེ་གཉིས་ལ་གཞུང་ལུགས་ཡང་དག་ཡིན་ཟེར་བའི་རྒྱབ་རྟེན་རི་རབ་ལ་བཅོལ་ཏེ་བདེན་པ་གཡག་འདྲ་བ་ཞིག་གླེང་ཁུལ་བྱེད་བཞིན་པ་དེ་ཡང་བྱིས་པ་བསམ་མེད་ཅིག་གི་གཏམ་ལ་འཁྲུལ་བར་ཐེ་ཚོམ་མེད། འོན་ཀྱང་ད་བར་རང་སྐད་རང་ཡིིག་གིས་ལྟོ་གོས་གཏམ་གསུམ་ལ་སེམས་ཁྲལ་མེད་པའི་བདག་ལྟ་བུར། དབྱངས་གསལ་སོ་བཞི་དང་སྔོན་རྗེས་ཡང་གསུམ།མགོ་འདོགས་བརྩེགས་གསུམ་བསྒྲིགས་པའི་སེམས་ཀྱི་ཚོར་བ་དག་སྨྱུག་རྩེ་ལས་མངོན་པ་དེ་ཡང་བདེ་སྐྱིད་ཅིག་ཏུ་འདོད་བཞིན་ཡོད། དེ་བས་ཀྱང་རང་སྐད་རང་ཡིག་གི་རྩོམ་ཡིག་རེ་རེ་ལེགས་འགྲུབ་ཡོང་དུས་ཀྱི་སྤྲོ་སྣང་དེ་ནི་དུས་ནམ་ཡང་སུས་ཀྱང་སྟེར་མི་ཐུབ་པའི་བདེ་བ་ཞིག་ཡིན།

ད་ལྟའི་ཆར་ང་ཚོ་ཚང་མས་ཤེས་གསལ་ལྟར། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གང་དུ་སོང་ཡང་སྔར་ཡོད་ཀྱི་བོད་ཡིག་དགེ་རྒན་ཙམ་ལས་ཉེ་དུས་གཞུང་ཞབས་པའི་ཡིག་ཚད་ལོན་པའི་བོད་ཡིག་ཆེད་ལས་ཀྱི་དགེ་རྒན་ཞིག་སློབ་གྲྭ་ག་གེ་མོ་ཞིག་ཏུ་སླེབས་ཡོད་པ་ནི་ཧ་ལམ་ཉུང་ཉུང་རེད་འདུག དེ་ཡང་རྒྱང་ས་ཞིག་ནས་བཤད་ན་རྒྱལ་ཁབ་ཀྱི་གཏན་འབེབ་བྱས་པའི་ལས་གནས་བཀོད་སྒྲིག་གི་མི་སྣའི་ཁ་གྲངས་དང་འབྲེལ་བ་ཡོད་ཀྱང་སྲིད་ངེས། ཉེ་ས་ཞིག་ནས་བཤད་ན་དེ་ནི་རྒྱབ་ཁབ་གཅིག་གི་དགོས་མཁོ་དང་སློབ་གྲྭ་ཞིག་གི་རྒྱུ་རྐྱེན་ཡང་ཡིན་པར་བསམས། གང་ལྟར་ཡང་ད་ལྟའི་ངོས་ནས་གླེང་ན་སློབ་གྲྭ་ཞིག་གི་བསླབ་གཞིའི་ནང་དོན་གྱི་བཀོད་སྒྲིག་ནས་ཀྱང་གསལ་པོར་མཐོང་ཐུབ་སྟེ། བོད་ཡིག་ཕུད་པའི་རིག་ཚན་ཚང་མ་རྒྱ་ཡིག་དང་ཤས་ཧ་ཅང་ཆེ་བས་རྐྱེན་གྱིས་ཀྱང་རེད།

ང་ཚོའི་སློབ་གྲྭར་ཆ་བཞག་སྟེ་གླེང་ན་ཉིས་སྟོང་བཅུ་གསུམ་ནས་བཟུང་སློབ་ཆེན་ཐོན་པ་མ་ཐག་པའི་བོད་ཡིག་ཆེད་ལས་ཀྱི་དགེ་རྒན་ཅི་ཡང་སླེབས་མ་སོང་། མ་གཞི་ངེད་ཚོའི་སློབ་གྲྭའི་འཛིན་གྲྭ་ཁག་གི་གནས་བབ་གཞིར་བཟུང་ན་བོད་ཡིག་དགེ་རྒན་གྱི་ཁ་གྲངས་འདྲ་པོ་རེད། འོན་ཀྱང་སློབ་གྲྭ་སྤྱི་ཡོངས་ཀྱི་བོད་ཡིག་སྦྱོང་སྤྱོད་སྤེལ་གསུམ་གྱི་ལས་འགན་ལྕི་པོ་དག་བོད་ཡིག་དགེ་རྒན་རྒན་གྲས་དག་གི་ལུས་ལ་འབབ་བཞིན་པ་མཐོང་དུས། གལ་ཏེ་རྒན་ལགས་ཁོ་ཚོ་ལས་འཁྱུར་ངལ་གསོ་བཞག་དུས་ང་ཚོའི་སློབ་གྲྭའི་བོད་ཡིག་གི་རྣམ་པ་དེ་གང་འདྲ་ཞིག་ཏུ་འགྱུར་རམ། གཅིག་བྱས་ན་སྐབས་དེ་དུས་དེ་ལ་དེ་ལུགས་ཀྱི་བོད་ཡིག་ཆེད་ལས་ཀྱི་དགེ་རྒན་གསར་པ་ཁྱུ་ཞིག་ལས་ཚབ་ཏུ་སླེབ་པའི་ངེས་པ་ཡང་ཆེ། འོན་ཀྱང་ལྟག་ཆུ་ཆད་ཟིན་པའི་རྫིང་བུ་སྐམ་པོ་ཞིག་སླར་ཁེང་རྒྱུ་ནི་དུས་ནམ་ཞིག་གི་རེ་སྒུག་རིང་པོ་དེ་ཡིན།

ངས་རང་ཉིད་བོད་ཡིག་དགེ་རྒན་ཞིག་ཡིན་པའི་ཆ་ནས་དུས་རྟག་ཏུ་རང་ཉིད་ལ་རེ་བ་ནན་པོ་བཅོལ་བཞིན་རང་ཉིད་ཀྱི་སློབ་མའི་ཚོགས་ལ་ཕ་སྐད་མ་ཡིག་སྦྱོང་འདོད་བྱེད་པའི་སྤྲོ་སྣང་འཕེལ་བར་སྐུལ་མ་ཡང་ཡང་བྱེད་ཀྱི་ཡོད། དེ་བས་ཀྱང་ཐ་ན་རང་ཉིད་འཛིན་བདག་ཡིན་པའི་ཆ་ནས་ཀྱང་འཛིན་ཚོགས་སྐབས་ལ་སློབ་གྲྭས་གཏན་འབེབས་བྱས་པའི་འཛིན་ཚོགས་ཀྱི་ནང་དོན་དག་ཐོག་མར་བོད་ཡིག་ལ་བསྒྱུར་བ་དང་དེ་རྗེས་སློབ་མ་ཚོར་གསལ་འགྲེལ་བྱེད་ཀྱི་ཡོད། ད་དུང་འཕྲིན་ཕྲན་གྱི་ཁྱིམ་བདག་ཚོགས་པའི་ནང་དུའང་སློབ་གྲྭའི་འབྲེལ་ཡོད་ཀྱི་བརྡ་ཐོ་དག་བོད་སྐད་གཙང་མ་བཤད་དེ་གསལ་བཤད་ཀྱང་བྱེད་ཀྱི་ཡོད། དོན་དམ་པར་བོད་ཡིག་ལ་དགའ་ཞེན་ཆེན་པོ་ཡོད་པ་དང་བོད་ཡིག་གི་ལས་དབང་ལ་སེམས་མཁན་ཞིག་ཡིན་ན་དུས་རྟག་ཏུ་ཕྱི་ཚུལ་གྱི་བྱ་བྱེད་ཁོ་ནས་བོད་ཡིག་ལ་དགའ་མདོག་ཡོད་ཁུལ་གྱིས་བརྒྱ་འབོད་སྟོང་འབོད་བྱེད་པ་ལས་རང་ཉིད་ཀྱི་ཉེ་འགྲམ་ནས་ནམ་ཞག་རྒྱུན་དུ་བོད་ཡིག་དང་འབྲེལ་བ་བྱ་བ་ཆུང་ཚགས་དག་ཡང་དག་པར་བསྒྲུབ་ན་དེ་བས་ཕན་པ་ཆེ།

རྩོམ་ཡིག་འབྲི་དུས་ཏག་ཏག་དོན་དག་ཅིག་དྲན་བྱུང་། དེ་ཡང་གཟའ་འཁོར་འགའ་ཤས་ཤིག་གི་གོང་ལ་སློབ་གྲྭར་རྒྱལ་ཁབ་རིམ་པའི་དབུ་ཁྲིད་འགའ་ཞིག་སློབ་གྲྭའི་ནང་དུ་བོད་རྒྱ་སྐད་གཉིས་དང་འབྲེལ་བའི་ལྟ་སྐོར་ཆེན་པོ་ཞིག་ཡོང་གི་ཡོད་པའི་བརྡ་ཐོ་འབྱོར་སོང་། དེ་ལྟར་སློབ་གྲྭའི་དབུ་ཁྲིད་ཚོས་བྲེལ་འཚུབ་ཆེན་པོས་འབྲེལ་ཡོད་ཀྱི་ལས་ཀ་དག་བཀོད་སྒྲིག་ཁ་གསལ་གནང་སོང་། ལས་འགན་གཙོ་བོ་ནི་སློབ་གྲྭའི་ཁོ་ར་ཁོར་ཡུག་གང་སར་ཡོད་པའི་སྦྱར་ཚིག་ཐོག་ལ་བོད་ཡིག་དང་རྒྱ་ཡིག་གི་ཡི་གེ་ནོར་ཡོད་མེད་བལྟ་རྒྱུ་དང་ནོར་བ་དུས་ཐོག་ཏུ་བཅོ་རྒྱུ་དེ་ཡིན། སློབ་གྲྭས་བདག་ལ་བོད་ཡིག་གི་འབྲེལ་ཡོད་ལས་འགན་དེ་བསྒྲུབ་རྒྱུ་རྩིས་སྤྲད་བྱུང་། མ་གཞི་བདག་གི་བོད་ཡིག་གི་ཤེས་ཚད་ཐད་ལ་ཚད་བཀག་ཡོད་རུང་ལས་འགན་འདི་ནི་རང་ཉིད་ལ་མཚོན་ན་ཧ་ཅང་དགའ་འོས་པ་ཞིག་ཡིན་པས་ངས་དུས་ཐོག་ཏུ་འབྲི་ནོར་ཤོར་བའི་བོད་ཡིག་དག་བཅོས་པ་ཡིན་ལ་ད་དུང་བོད་ཡིག་དང་འབྲེལ་བའི་སྦྱར་ཚིག་མང་པོ་ཞིག་ཀྱང་བཟོས་པ་ཡིན། མཇུག་ཏུ་ཛ་དྲག་ཆེ་བའི་ལྟ་སྐོར་དེ་ནི་ཕྱི་ཚུལ་རིང་ལུགས་པའི་བྱ་བྱེད་ཙམ་ལས་དོན་དུ་རྫུན་མ་རྫུན་རྐྱང་ཡིན་རུང་ང་རང་དགའ་འོས་པ་ནི་སློབ་གྲྭས་མ་དངུལ་བཏང་སྟེ་སློབ་གྲྭའི་ནང་དུ་བོད་ཡིག་གི་སྦྱར་ཚིག་མང་དུ་ཕྱིན་པས་ཡིན།

རླབས་ཆེན་གྱི་ཆབ་སྲིད་མཁས་ཅན་སི་ཏཱ་ལིན་གྱིས་མི་རིགས་ཟེར་བ་འདི་ཡང་ཐུན་མོང་གི་སྐད་ཡིག་དང་ཐུན་མོང་གི་གནས་ཡུལ། ཐུན་མོང་གི་དཔལ་འབྱོར་འཚོ་བ་དང་། ཐུན་མོང་གི་རིག་གནས་བཅས་ལ་ངོས་འཛིན་བྱས་མྱོང་བ་ལྟར། གོང་གི་ཆ་རྐྱེན་བཞི་པོ་དག་ཀྱང་མི་རིགས་ཤིག་གི་གལ་ཆེའི་གྲུབ་ཆ་བཞི་ཡིན་པ་ཡང་ང་ཚོ་ཚང་མའི་བློ་ཁ་གཅིག་ཕྱོགས་རེད། གསུང་རབ་རྨད་དུ་བྱུང་བ་དེས་ཀྱང་མི་རིགས་ཤིག་གི་ཆགས་འཇིག་ལ་སྡོམ་ཚིག་གསལ་པོ་ཞིག་བྱས་འདུག རྒྱུ་མཚན་དེའི་དབང་གིས་རང་ཉིད་ཚུད་པའི་བོད་ཡིག་དགེ་རྒན་དག་ལ་ལས་འགན་ལྕི་པོ་ཞིག་དང་འགན་འཁྲི་དམིགས་བསལ་ཅན་གྱི་ཡོད་དགོས་ངེས་ཏེ། རང་ཉིད་ཀྱི་སློབ་མ་དག་ལ་ཕ་སྐད་མ་ཡིག་གི་གལ་ཆེའི་རང་བཞིན་དག་རྒྱུ་འབྲས་རྐྱེན་གསུམ་གྱི་ཐོག་ནས་གསལ་བཤད་མཐར་ཕྱིན་པ་ཞིག་བྱས་ཏེ་གང་ཡག་ཡག་དང་གང་དག་དག་བསླབ་རྒྱུ་ནི་ཁ་ཚ་དགོས་གཏུགས་ཤིག་ཡིན། དེ་ལས་ལྡོག་ན་ང་ཚོ་ནི་དུས་རབས་འདིའི་ཉེས་ཅན་པ་གཏེ་པོ་ཞིག་ཏུ་འགྱུར་ངེས་ཡིན་ལ་མ་འོངས་པར་ང་ཚོའི་རྗེས་རབས་པ་ཚོས་ཀྱང་ང་ཚོར་འཁང་ར་བྱ་ངེས་ཡིན་པ་ནི་བཤད་ཅི་ལ་དགོས་ཏེ་མི་དགོས་སོ།

༢༠༡༨/༡༢/༠༥ཉིན་རང་ཁྱིམ་དུ་གྲུབ།

© 2018 ལུག་ཚང་དཔལ་ཡོན། . Powered by WordPress. Theme by Viva Themes.