མི་གཅིག་གི་དཔེ་ཀློག་བྱེད་པའི་བརྒྱུད་རིམ་ནི་མི་དེའི་བསམ་བློ་འཕེལ་རྒྱས་འགྲོ་བའི་སྐས་རིམ་ལྟ་བུ་ཡིན། སྒྲོལ་མ་ཚེ་རིང་གིས། 

ཕྲན་གྱིས་བསམ་ན་དགེ་རྒན་ཞིག་ཡིན་ན་ངེས་པར་དུ་དཔེ་ཀློག་བྱེད་དགོས། དཔེ་ཀློག་བྱེད་པ་ལ་དཔེ་ཆ་བཟང་པོ་ཞིག་ཀློག་པ་ནས་འགོ་བརྩམ་དགོས་ལ། དགེ་རྒན་ཞིག་ཡིན་ན་ཐོག་མར་སློབ་གསོ་དང་འབྲེལ་བའི་ཤེས་བྱ་ལ་སྦྱང་བར་བྱ་རྒྱུ་ནི་གོམ་པ་དང་པོ་ཡིན་པར་འདོད། མྰ་ཁ་ལེན་ཁུས་ངས་སློབ་གསོའི་གཞུང་ལུགས་ལ་ཧ་ཅང་མཐོང་ཆེན་བྱེད།  སློབ་གསོའི་གཞུང་ལུགས་དང་བྲལ་ཚེ་ངས་བྱ་བ་སྒྲུབ་མི་ནུས་ཞེས་གསུངས་མྱོང་།  ང་ཚོས་ཤེས་གསལ་ལྟར། དཔེ་ཀློག་གིས་ང་ཚོའི་བློ་ཡི་རྟོགས་པ་རྒྱས་ཤིང་བསམ་བློའི་ཁོ་ལག་རྫོགས་ཐུབ་ལ།  དཔེ་ཀློག་གིས་ང་ཚོའི་ཡིད་ཀྱི་ཞིང་ས་རུ་བསམ་བློ་གསར་བ་དང་གནས་ལུགས་གསར་བ།  ཐབས་ལམ་གསར་བ་སོགས་འབྱུང་བ་ནི་གདོན་མི་ཟ།  རྒྱལ་ཁ་ལ་མྱུར་ལམ་མེད།  གལ་ཏེ་མི་ཞིག་གིས་ནན་གྱིས་རྒྱལ་ཁའི་མྱུར་ལམ་ཞིག་སྟོན་རོགས་ཞེས་འདྲི་བ་ཡིན་ན།  ཕལ་ཆེར་ལན་གཅིག་མ་གཏོགས་ཡོད་མི་སྲིད་དེ།  དེ་ནི་དཔེ་ཀློག་མང་ཙམ་བྱ་རྒྱུ་དེ་རེད།

 

སློབ་གྲྭ་ནི་མི་རིགས་གང་ཞིག་གི་མ་འོངས་པ་འཛུགས་སྐྲུན་བྱེད་ས་དང་རྒྱུད་འཛིན་ས། སྐྱེད་བསྲིང་དང་གསོ་སྐྱོང་གནང་སའི་གནས་ཁྱད་པར་ཅན་ཞིག་ཡིན་ལ། དགེ་རྒན་ནི་མ་འོངས་པའི་འཛུགས་སྐྲུན་པ་དང་རྒྱུད་འཛིན་པ་དེ་དག་སྐྱེད་བསྲིང་དང་གསོ་སྐྱོང་གནང་མཁན་གྱི་མི་སྣ་གཙོ་བོ་དེ་ཡིན། དེར་བརྟེན་དགེ་སློབ་ཟུང་གི་བྱ་འགུལ་ནི་མ་འོངས་པའི་མི་རིགས་ཀྱི་རིག་གནས་དང་ཆབ་སྲིད། དཔལ་འབྱོར་དང་ལག་རྩལ། འབྱུང་སྤུས་སོགས་དང་འབྲེལ་བ་ཡོད་པའི་དོན་དངོས་ཤིག་ཏུ་འགྱུར། དེ་ལྟ་ན། ད་ལྟའི་དགེ་རྒན་རྣམས་ལ་ངེས་པར་དུ་དཔེ་ཀློག་གི་འདུ་ཤེས་དང་དཔེ་ཀློག་གི་གོམས་སྲོལ། དཔེ་ཀློག་གི་དགའ་སྣང་ཁྱད་པར་བ་ཞིག་ཡོད་དགོས་པ་ནི་བཤད་མ་དགོས་ཏེ། རྒྱུ་མཚན་ནི་དུས་རབས་གསར་བའི་དགེ་རྒན་གྱི་དཔུང་ཁག་འཛུགས་རྒྱུའི་བཅོས་བསྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་བྱ་རྒྱུའི་སྐོར་གྱི་བསམ་འཆར་ཁྲོད་ལོ་བརྒྱའི་ཇུས་བཀོད་ལ་ནི་སློབ་གསོ་རྩ་བ་བྱེད་དགོས།  སློབ་གསོའི་ཇུས་བཀོད་ལ་ནི་དགེ་རྒན་རྩ་བ་བྱེད་དགོས་ཞེས་དང་། ཆུང་འབྲིང་དགེ་རྒན་གྱི་ཀུན་སྤྱོད་ཚད་གཞིའི་དོན་ཚན་དྲུག་པར་དགེ་རྒན་ལ་བཏོན་པའི་རེ་བ་ནི་ཚེ་གང་བོར་སློབ་སྦྱོང་བྱེད་དགོས་ཞེས་ནན་གྱིས་བསྟན་ཡོད་ལ་དེ་ནི་ང་ཚོའི་དགེ་རྒན་དག་གི་ཆེས་དམའ་བའི་ཚད་ཐིག་ཅིག་རེད། སྤྱི་ཚོགས་ཀྱི་དར་རྒུད་སློབ་གསོ་ལ་རག་ལས་པ་དང་། སློབ་གསོ་ཡི་དར་རྒུད་དགེ་རྒན་ལ་རག་ལས། གལ་ཏེ་དགེ་རྒན་ཚོས་དཔེ་ཀློག་མ་བྱས་ན། རང་ཉིད་མུ་མཐུད་དུ་མངོན་འགྱུར་དང་འཕེལ་རྒྱས། འཚར་ལོངས་བཅས་འབྱུང་མི་ཐུབ་ལ། དེ་མ་ཐུབ་ན་ཁོས་སློབ་མ་རྣམས་མངོན་འགྱུར་དང་འཕེལ་རྒྱས། འཚར་ལོངས་བཅས་འབྱུང་དུ་འཇུག་རྒྱུ་ནི་རི་བོང་གི་རྭ་དང་མོ་གཤམ་གྱི་བུ། རུས་སྦལ་གྱི་སྤུ་ལས་མ་འདས།

 

དེ་བས། དགེ་རྒན་གྱི་དཔེ་ཀློག་ནི་དགེ་རྒན་ཁོ་རང་ཉིད་ཀྱི་རང་དོན་ཙམ་མ་ཡིན་པར། བྱིས་པ་རྣམས་ལ་འགན་འཁུར་མིན་གྱི་རྣམ་འགྱུར་ཞིག་ཡིན། དགེ་རྒན་ཚོས་དཔེ་ཀློག་གནང་དགོས་པའི་རྒྱུ་མཚན་ནི་འདི་ལྟར་ཡིན་ཏེ། ཕྱོགས་གཅིག་ནས་དགེ་རྒན་རང་སྟེང་གི་ཤེས་བྱ་ཡོན་ཏན་མཐོར་འདེགས་སུ་འགྲོ་བ་དང་། ཕྱོགས་གཉིས་ནས་སློབ་མའི་རྒྱུད་ལ་འཇོག་རྒྱུའི་ཤེས་བྱ་གསར་བ་མང་དུ་བསགས་འགྲོ་བ། ཕྱོགས་གསུམ་ནས་སློབ་མ་རྣམས་ལ་དཔེ་ཀློག་གི་དཔེ་སྟོན་ཆེན་པོ་ཞིག་བྱས་ནས་མིའི་རྒྱུད་ཀྱི་ཤེས་རྟོགས་མང་ཆེ་བ་དཔེ་ཀློག་བྱས་ནས་རང་རྒྱུད་ལ་ལེན་དགོས་པའི་གནས་ལུགས་བསྟན་པ། ཕྱོགས་བཞི་ནས་མི་རིགས་ཀྱི་དར་རྒུད་ལ་འགན་འཁུར་བའི་རྣམ་འགྱུར་བཟུང་བ་སོགས་དགེ་མཚན་ཧ་ཅང་མང་པོ་ལྡན།

 

བསམ་བློ་འདི་ཙམ་གྱི་དབང་གིས་ངས་ནམ་ནམ་ཞར་ཞར་དུ་དགེ་གྲོགས་ཚོས་དཔེ་ཀློག་བྱས་པ་ནས་རང་ཉིད་དགེ་རྒན་ཚད་ལྡན་ཞིག་ཏུ་འགྱུར་བར་རེ་བ་བཅངས་བཞིན་ཡོད། ང་ཚོའི་མི་རིགས་ས་ཁུལ་དུ་དགེ་རྒན་བྱེད་བཞིན་པའི་བོད་རིགས་མ་ཡིན་པའི་དགེ་རྒན་ཞིག་ཡིན་ན་བོད་ཡིག་བོད་སྐད་ཤེས་དགོས་པ་དང་བོད་རིགས་དགེ་རྒན་ཚོས་ངེས་པར་དུ་རྒྱ་ཡིག་གི་དཔེ་ཆ་མང་ཙམ་ཀློག་དགོས།  དེ་ནི་དུས་རབས་གསར་བའི་བླང་བྱ་ཡིན་ལ་འགན་འཁྲི་ཡང་ཡིན།  དཔེ་ཀློག་གི་འདུ་ཤེས་མེད་ན་མདུན་སྐྱོད་ཀྱི་སྒུལ་ཤུགས་མེད།  མདུན་སྐྱོད་ཀྱི་སྒུལ་ཤུགས་མེད་ན་འཕེལ་རྒྱས་ལ་སྲོག་མི་ལྡན་པའི་གནས་ལུགས་འདི་ང་ཚོས་ངེས་པར་དུ་ཤེས་དགོས།  ཤེས་པའི་མི་ཚད་དུས་ཚོད་འོས་འཚམས་བཀོད་སྒྲིག་གིས་དཔེ་ཀློག་མང་དུ་བྱ་རྒྱུ་ནི་དུས་ཀྱིས་སྤྲད་པའི་འུ་ཅག་ཐུན་མོང་གི་འོས་འགན་ཡིན་པ་རེད།  དགེ་རྒན་གྱི་ལས་ཀ་ནི་སྣ་མང་རྙོག་འཛིང་ཆེ་བ་ཞིག་ཡིན་མོད། དེ་ནི་ལས་ཀ་ཀུན་ལས་ཆེས་རླབས་ཆེ་བ་དང་ཆེས་གཟི་བརྗིད་ལྡན་པའི་ལས་ཀ་ཞིག་རེད་ཟེར་ན་འགྲིག་གི དགེ་རྒན་མང་པོ་ཞིག་གིས་དཔེ་ཀློག་བྱེད་པར་དུས་ཚོད་མེད་རབས་དང་བྱ་བའི་དབང་གིས་ཁོམ་པ་མི་འདུག་པ་སོགས་དཔེ་ཀློག་མི་བྱེད་པའི་རྒྱུ་རྐྱེན་བཙལ་ཁུལ་བྱེད་མོད། ཉིན་གཅིག་ལ་དཔེ་ཆ་གཅིག་རེའམ་ཤོག་ངོས་ཉི་ཤུ་སུམ་ཅུ་ཀློག་པའི་ཁོམ་པ་ངོ་མ་མེད་ནའང་ཐང་།  འོན་ཀྱང་ཉིན་གཅིག་ལ་ཤོག་ལྷེ་གཅིག་གམ་ཡང་ན་ཚན་པ་གཅིག  ཐ་ན་ཐིག་ཤར་རེ་གཉིས་ཀློག་པའི་ཁོམ་པ་མེད་ཟེར་ན་ཕལ་ཆེར་ཡིད་ཆེས་མཁན་གཅིག་ཀྱང་མེད་ཚོད་འདུག  སའོ་ཧའོ་མོ་ལིན་སི་ཅིས་ཀྱིས་ངའི་རྒྱུ་ནོར་ནི་དཔེ་ཆ་ཡིན་ལ།  ངའི་དཔེ་མཛོད་ཁང་གི་ཁང་མིག་རེ་རེ་དང་བར་འཁྱམས། ཁང་བའི་གྱང་ངོས་རེ་རེ་དང་གནམ་བཅལ་གང་ཡིན་སར་དཔེ་སྒྲོམ་གྱིས་བཀང་ཡོད་ལ།  དཔེ་ཆ་ཁྲི་ཕྲག་ལྷག་ཡོད། ངས་ཉིན་རེར་དཔེ་ཆའི་ཤོག་ལྷེ་རེ་གཉིས་སམ།   ཡང་ན་ཚན་པ་གཅིག འཚམས་རེར་ཐིག་ཤར་གཅིག་གཉིས་རེ་མ་ཀློག་ན་ང་གསོན་ཐབས་བྲལ་ཞེས་བཤད་མྱོང་།

 

དགེ་རྒན་ཚོས་དཔེ་ཀློག་མང་ཙམ་བྱེད་པར་སྐུལ་མ་བྱེད་དོན་ནི་ཆམ་ནད་ཕོག་པའི་མི་ཞིག་གིས་མི་གཞན་ལ་ཆམ་ནད་འགོ་སྲིད་པ་ནང་བཞིན། དཔེ་ཀློག་ལ་མི་དགའ་བའི་དགེ་རྒན་ཞིག་གིས་དཔེ་ཀློག་ལ་དགའ་བའི་སློབ་མ་བསྐྱེད་བསྲིང་བྱེད་མི་ཐུབ་ཅེས་པ་ལྟ་བུའོ།། ང་ཚོས་ཀྱང་རང་ཉིད་ནས་མགོ་བརྩམས་ཏེ་དཔེ་ཀློག་བྱེད་རྒྱུ་ནི་ཧ་ཅང་གལ་ཆེན་ཞིག་རེད་སྙམ། དགེ་རྒན་གྱི་ཆེད་ལས་འཕེལ་རྒྱས་གཏོང་བར་དཔེ་ཀློག་བྱེད་དགོས། སློབ་མའི་ནུས་པ་མཐོ་འདེགས་གཏོང་བར་དཔེ་ཀློག་ལ་བརྟེན་དགོས།  ང་ཚོས་དཔེ་ཆ་ཀློག་པ་ནི་དཔེ་ཀློག་གི་ཆེད་དུ་མ་ཡིན་པར་ཞིབ་འཇུག་གི་རྒྱུ་ཆ་འཚོལ་སྡུད་དང་སློབ་སྦྱོང་གི་གཞོགས་འདེགས་ཀྱི་ཆེད་དུ་ཡིན་དགོས་ལ། སློབ་ཁང་སློབ་ཁྲིད་ཀྱི་ཐབས་ལམ་འཛོམས་པོར་གཏོང་ཆེད་ཀྱང་ཡིན། མི་སྒེར་གྱི་དགའ་ཕྱོགས་གསོ་སྐྱོང་དང་ཤེས་རྒྱ་བསྐྱེད་པའི་ཆེད་དུ་ཡིན་པར་ཡང་བཤད་ཆོག

 

ངས་དཔེ་ཆ་མང་པོ་ཞིག་ཀློག་མི་ཐུབ་ཀྱང་དཔེ་ཆ་ལ་ངོ་མ་དགའ་བོ་ཡོད། ང་མི་གཅིག་གིས་དཔེ་ཀློག་བྱས་ན་ང་མི་གཅིག་གི་དཔྱོད་ཤེས་ཀྱི་བློ་དང་མཐོང་ཐོས་ཀྱི་རྒྱ་ཇེ་ཆེ་ཇེ་ཟབ་ལ་གཏོང་ཐུབ་ན་ཐང་མོད། འོན་ཀྱང་ང་མི་གཅིག་གི་ནུས་པ་དང་ཆུ་ཚད་ལ་ཚད་ཡོད་པས་བྱ་བ་ཅི་ཞིག་སྒྲུབ་ཀྱང་ཀུན་གྱི་བློ་ངོར་འབབ་པ་ཞིག་སྒྲུབ་ཐབས་བྲལ། གལ་ཏེ་ང་ཚོ་ཚང་མས་དཔེ་ཀློག་བྱས་པ་ཡིན་ན་ཐུན་མོང་གི་བསམ་བློ་དང་འཇོན་ནུས་སོགས་ཕྱོགས་ཀུན་ནས་འཕེལ་རྒྱས་སོང་བ་མ་ཡིན་ནམ། ཐུན་མོང་གི་སྟོབས་ཤུགས་ལ་མཛད་མཐའ་བྲལ་བས་ང་ཚོས་དཔུང་བ་མཉམ་གཤིབ་བྱས་ན་སློབ་གསོའི་ལས་དོན་འདི་ནས་སྤྱི་ཚོགས་དང་མི་དམངས་ཀྱི་བློར་འབབ་པའི་རླབས་ཆེ་བའི་བྱ་བ་ཞིག་སྒྲུབ་ཐུབ་ཁོ་ཐག་རེད།

© 2018 ལུག་ཚང་དཔལ་ཡོན། . Powered by WordPress. Theme by Viva Themes.