༧ སྨྲ་བའི་སེང་ཆེན་སྒ་གསུང་རབ་རྒྱ་མཚོ་ཚང་།

230/545

སྨྲ་བའི་སེང་ཆེན་སྒ་གསུང་རབ་རྒྱ་མཚོ་མཆོག་ནི་སྤྱི་ལོའི༡༨༩༦ལོར་མཚོ་སྔོན་དཔའ་ལུང་ཡུལ་གྱི་རྙིང་མ་བའི་ཁྱིམ་རྒྱུད་ཅིག་ཏུ་སྐུ་འཁྲུངས། དགུང་ལོ་བདུན་གྱི་སྟེང་ཡབ་ཀྱིས་བཀའ་བཀོད་ལྟར་མཁས་དབང་འཇིགས་མེད་དམ་ཆོས་རྒྱ་མཚོའི་སྐུ་མདུན་དུ་ཕེབས་ནས་དབུ་མ་དང་ཕར་ཕྱིན། འདུལ་བ། མངོན་པ་སོགས་གཞུང་ཆེན་བཀའ་པོད་ཁག་ལ་སློབ་གཉེར་རྡོ་རུས་ཐུག་པ་གནངས་པས་མཁས་པའི་གོ་འཕང་བརྙེས།    དགུང་གྲངས་བརྒྱད་ཐོག་བྱ་ཁྱུང་དགོན་པའི་རྩོད་རྒྱུགས་ཆེན་མོའི་སྟེང་གཞུང་ཚིག་མང་པོ་བློ་ནས་ཤར་མར་འདོན་ཐུབ་པ་བྱུང་ཞིང་། སྤྱི་ལོའི༡༩༡༤ལོར། དགུང་ལོ་ཉེར་བཞི་ལ་སླེབས་པའི་ཁོང་རང་རྗེ་ཞྭ་དམར་དགེ་འདུན་བསྟན་འཛིན་རྒྱ་མཚོ་ཚང་གིས་ཕྱག་འདེབས་མཛད་པའི་དྷཱི་ཚ་དགོན་པར་ཕེབས་ནས་གཞུང་དོན་ཐོས་བསམ་ལ་ཉིན་མཚན་ཁོར་མོ་ཡུག་ཏུ་བརྩོན་པ་དང་། ལྷག་པར་སྒྲ་དང་སྙན་ངག བརྡ་སྤྲོད་སོགས་རིག་གནས་ཆུང་བ་ལྔའི་སྐོར་ལ་རྩེ་གཅིག་ཤས་ཆེར་འབད་པས་ལྔ་ཟུང་རིག་པའི་མཁས་པ་ཆེན་པོར་གྱུར་པ་སྟེ། དུས་དེ་ནས་བཟུང་སྒ་གསུང་རབ་རྒྱ་མཚོ་ཞེས་མཁས་པའི་སྙན་གྲགས་དེ་གངས་རིའི་སྟོད་སྨད་ཀུན་ཏུ་ཁྱབ་མགོ་བརྩམས།

 

དགེ་བའི་བཤེས་གཉེན་ཆེན་མོ་འཕྲིན་ལས་རྒྱ་མཚོས་གཞོན་ནུ་ཉིད་ནས་མ་འོངས་པར་བསྟན་པ་འཛིན་པའི་སྐྱེས་བུ་ཁྱད་པར་ཅན་དུ་གཟིགས་ཏེ་ཁོང་ལ་རིག་གནས་ཆེ་ཆུང་བཅུ་པོ་བུམ་པ་གང་བྱོའི་ཚུལ་དུ་བསྩལ་ཅིང་། འགྲོ་འདུག་ཚུན་གྱི་སྤྱོད་པ་ཕྲ་མོ་ཙམ་ལའང་ཐུགས་མཉེས་མཉེས་ངང་ཞིབ་པོར་བསྐྱངས་པས་ཉ་མོ་ཆུ་དང་ལྟོགས་འདོད་ཟས་ལ་འཕྲད་པ་ནང་ལྟར། ནང་བའི་གསུང་རབ་བསྟན་བཅོས་ཀྱི་གཙོས་པའི་རིག་པའི་གནས་མང་པོ་ལ་ཐུགས་འགྲུས་ཆེས་ཆེར་གནངས་པའི་སྐལ་བ་དང་ལྡན་ཅིང་། ལོ་དང་ཟླ་བ་བརྩེགས་པའི་དཀའ་སྤྱད་ཀྱི་མཐའ་ལ་བློ་གྲོས་ཀྱི་དཀྱིལ་འཁོར་ཕྱོགས་ཀུན་ཏུ་རྫོགས་པས་མཁས་མང་གྲལ་དུ་རྩོད་པ་གནང་བའམ། གཞུང་དོན་ལ་འགྲེལ་བ་བསྐྱོན་པ་སོགས་གང་ལའང་ཐོགས་པ་མེད་པར་གྱུར་པ་དང་། སྒོས་སུ་ཁོང་གིས་བྲིས་པའི་སྙན་ཚིག་དག་ནི་སྒྲིག་གཞི་ཚགས་དམ་ཞིང་དོན་ཟབ་མོ་དང་ལྡན་ལ། ཚིག་དོན་གཉིས་ཀྱི་ཆ་ལ་སྒྱུ་རྩལ་གྱི་མཛེས་པ་གཞན་དང་མི་མཚུངས་པ་མངའ་བ་སོགས་རྒྱུད་ཀྱི་ཡོན་ཏན་རིན་པོ་ཆེའི་ཟབ་པ་དང་བརྗིད་པ་ལ་དེར་བཞུགས་དགེ་འདུན་པ་ཡོངས་རྫོགས་དགོངས་ཚུལ་གཅིག་ཏུ་གྲགས་པ་བྱུང་།  སྤྱི་ལོའི༡༩༣༨ལོར། མཁས་དབང་སྒ་གསུང་རབ་རྒྱ་མཚོས་དགོན་གཞུང་ལ་ཞུ་བ་དང་གསོལ་འདེབས་ཇི་ལྟར་བཏབ་པ་བཞིན་ལོ་དེའི་ཟླ་བདུན་པའི་ཆོས་ཚོགས་སྟེང་དུ་མཁས་མང་རྒྱ་མཚོའི་མདུན་སར་གཞུང་ཆེན་པོ་ཏི་ལྔ་ལ་རྩོད་རྒྱུགས་ཀྱི་དགའ་སྟོན་ཀུན་ནས་བཀྲམ་མཐར་དགེ་བཤེས་རབ་འབྱམས་པ་ཞེས་པའི་མཚན་གྱི་མེ་ཏོག་གཟི་བརྗིད་དང་བཅས་ཕོགས་ཤིང་། 《རྒྱལ་དབང་ཐུབ་བསྟན་རྒྱ་མཚོའི་བསྟོད་པ》ཞེས་པའི་སྙན་རྩོམ་དེར་པཎ་ཆེན་སྐུ་ཕྲེང་དགུ་བ་བློ་བཟང་ཆོས་ཀྱི་ཉི་མ་དང་། ཀུན་མཁྱེན་རིན་པོ་ཆེའི་ཡོངས་འཛིན་སོགས་སྐྱེས་ཆེན་མང་པོས་བསྔགས་བརྗོད་ཀྱི་མེ་ཏོག་ཕངས་མེད་དུ་གཏོར་མྱོང་ལ། ལྷག་པར་པཎ་ཆེན་སྐུ་ཕྲེང་དགུ་བས་རང་གི་དྲུང་ཡིག་ཏུ་གདན་ཞུ་མཛད་པ་དང་། སྐབས་དེའི་མཚོ་སྔོན་དཔོན་རིགས་ཀྱི་བཀའ་མངགས་ལྟར་སྲིད་གཞུང་གི་དྲུང་ཡིག་དང་སྲིད་ཀྱི་ཡིག་ཆ་གལ་ཆེན་རྣམས་བོད་ཡིག་ཐོག་ཕབ་བསྒྱུར་གྱི་བྱ་བ་བསྒྲུབས་པ། བོད་སོག་སློབ་གྲྭའི་དགེ་རྒན་གྱི་འགན་བཞེས་ནས་བརྡ་སྤྲོད་སོགས་ཀྱི་སློབ་ཁྲིད་བསྐྱངས་པ་སོགས་མཛད་འཕྲིན་མང་དུ་བསྐྱངས།    སྤྱི་ལོའི༡༩༤༩ལོའི་ཟླ༩བའི་ནང་མཚོ་སྔོན་ཞི་བའི་བཅིངས་འགྲོལ་བཏང་རྗེས། གོང་རིམ་པའི་བཀའ་བཅོལ་ནན་མོ་དང་ལེན་གྱིས་མི་རིགས་སློབ་གསོ་དང་། ལོ་ཙཱ། པར་བསྐྲུན། གློག་བརྙན་སྐད་བསྒྱུར། རྒྱང་སྒྲོག བོད་ཡིག་དུས་དེབ་གསར་སྤེལ་སོགས་ཀྱི་ཐོག་མའི་བྱ་བ་མང་པོ་ཞིག་ལ་སྐུལ་ངལ་ཆེར་སྤངས་ནས་དགའ་བཞིན་ཕྲག་གིས་བླངས་ནས་རྒྱལ་ཁབ་དང་མི་རིགས། ས་གནས་བཅས་ཀྱི་སློབ་གསོའི་ཐད་ལ་མཛད་རྗེས་གསུབ་ཏུ་མེད་པ་བཞག་ཅིང་། ལྷག་པར་དུ་མཚོ་སྔོན་གྱི་མི་རིགས་སློབ་གསོའི་འཕེལ་རྒྱས་ལ་རང་ནུས་ཅི་ལྕོགས་ཀྱིས་ཕུགས་རྒྱང་ལྡན་པའི་བྱ་བ་གལ་ཆེན་རབ་དང་རིམ་པར་བསྒྲུབས་པས་མི་རིགས་སློབ་གསོའི་སྣེ་འདྲེན་པ་གལ་ཆེན་གཅིག་ཏུ་གྱུར།

 

བོད་རིགས་སློབ་མས་རྒྱ་ཡིག་མི་ཤེས་པའི་གནད་དོན་ལ་དམིགས་ནས་རྒྱའི་བསླབ་དེབ་བརྒྱད་ཙམ་བོད་ཡིག་ཏུ་བསྒྱུར་པས་དེ་འབྲེལ་གྱི་དཀའ་ངལ་དག་མེད་པར་བྱས་པ་དང་། ཆབས་ཅིག་རང་གི་བརྡ་སྤྲོད་དང་། ལོ་རྒྱུས་དང་། སྨན་དང་། རི་མོ་དང་། སྐད་ཡིག་དང་། གྲངས་རིག་དང་། ས་ཁམས་སོགས་བོད་ཡིག་གི་ཐོག་སྦྱོང་ཐུབ་པའི་བསླབ་དེབ་བཟོས་པ་དང་། བོད་རང་གི་སྲོལ་རྒྱུན་གྱི་དཔར་རྩལ་ལ་བརྟེན་ནས་བསླབ་དེབ་དེ་དག་སྔོན་གྱི་སྣ་རིང་ནས་ད་ལྟའི་ལུགས་ཀྱི་མགོ་འཚེམ་ལྟར་དཔར་པས་མཚོ་སྔོན་ས་ཆའི་བོད་ཡིག་བསླབ་དེབ་མགོ་འཚེམ་མའི་སྲོལ་འབྱེད་པ་ལྟ་བུར་ཆགས།   སྤྱི་ལོའི༡༩༥༣ལོར། མཚོ་སྔོན་གྱི་བོད་སོག་གི་སློབ་མ་མང་པོ་ཞིག་སློབ་གྲྭར་འགྲོ་བ་ལ་སྟབས་བདེ་མིན་པར་གཟིགས་ནས་ས་གནས་ཀྱི་ཡུལ་ལུང་དུ་མར་བོད་སོག་སློབ་གྲྭ་གསར་དུ་བཙུགས་ཤིང་། དེ་ལས་མཐར་ཕྱིན་པའི་སློབ་མ་རྣམས་མཚོ་སྔོན་ཕྱོགས་ཀྱི་སྲིད་གཞུང་དང་། མི་རིགས་དོན་གཅོད་ཁང་། ཆོས་ལུགས་ཅུའུ། སློབ་གསོ་སྡེ་ཁག ལོ་ཙཱའི་ལས་ཁུངས། གསར་འགྱུར་དང་རིག་གཞུང་ཞིབ་འཇུག་ཁང་སོགས་ཀྱི་ལས་རྐང་སོ་སོའི་སྟེང་དུ་མངགས་ཏེ་རྒྱལ་ཁབ་དང་མི་རིགས་སློབ་གསོའི་འཕེལ་རྒྱས་ལ་སྐུལ་འདེད་རྒྱ་ཆེན་པོར་མཛད། དེ་ལྟར་སྤྱི་ལོའི༡༩༥༨ལོ་ནས་བཟུང་། གཞན་དང་མཉམ་འབྲེལ་གྱིས་མཚོ་སྔོན་མི་རིགས་སློབ་གླིང་དང་། མཚོ་སྔོན་མི་རིགས་དགེ་ཐོན་སློབ་གླིང་། མཚོ་སྔོན་མི་རིགས་ཆེད་སྦྱོང་སློབ་གླིང་སོགས་སློབ་ཆེན་ཁག་ཅིག་སྔ་ཕྱིར་གསར་དུ་བཏབ་ནས་ཤེས་ལྡན་པ་གང་མང་བསྐྱེད་བསྲིངས་བྱས་པ་དང་། མཚོ་སྔོན་ཞིང་ཆེན་བཟོ་རིག་སློབ་གླིང་དང་། ཞིང་ལས་སློབ་གྲྭ ཕྱུགས་ཟོག་སློབ་གྲྭ དཔལ་འབྱོར་སློབ་གླིང་། གསོ་རིག་སློབ་གླིང་། གཞན་མཚོ་སྔོན་སློབ་ཆེན་ལ་སོགས་པའི་ཞིང་ཆེན་གྱི་སློབ་གྲྭ་གཞན་དུ་མི་རིགས་རང་གི་སློབ་མ་མང་པོ་མངགས་ནས་ཆེད་ལས་འདྲ་མིན་སྣ་ཚོགས་ལ་སྦྱངས་པ་བྱེད་དུ་བཅུག་པ་སོགས་སྔ་ཕྱིར་ཏང་གི་མི་རིགས་སློབ་གསོའི་བྱ་བ་གཉེར་མཁན་མང་པོ་ཞིག་ལེགས་པར་བསྐྱངས་ལ། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་དགོངས་པ་ལྟར། ཏུའུ་ལན་དང་། འབའ་རྫོང་། རེབ་གོང་། རྐང་ཚ་སོགས་སུ་ས་གནས་ཀྱི་དངོས་ཡོད་དགོས་མཁོ་ལྟར་སྦྲ་གུར་སློབ་གྲྭ་ཉི་ཤུ་ལྷག་གསར་དུ་བཙུགས་ནས་དགེ་རྒན་གྱི་མི་འདང་བ་ལ་དུས་ལྟར་དཔུང་སྡེ་གསོ་སྐྱོང་ཟབ་སྦྱོང་བསྡུས་པ་སོགས་ཡུལ་གྲུ་སོ་སོའི་མི་རིགས་སློབ་གསོ་གོང་དུ་སྤེལ་བ་ལ་མཛད་རྗེས་བླ་ན་མེད་པ་བཞག   གཞན་ཡང་། ཁོང་གིས་སྔ་ཕྱིར་ལོ་ཙཱ་གནངས་པའི་ཚིག་གྲུབ་ཉིས་སྟོང་ལྷག་གི་སྟེང་ལ་རྗེས་སུ་ཁ་སྣོན་དུ་ཚིག་གྲུབ་གསར་བ་ཉིས་སྟོང་ཙམ་གསར་དུ་བསྣན་ནས་བོད་རྒྱ་མིང་མཛོད་སྟོད་སྨད་བར་གསུམ་ཅན་གྱི་བདག་ཉིད་ཅན་དེ་ཉིད་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན་པ་སོགས་རྒྱ་བོད་ལོ་ཙཱའི་ཕྱོགས་ལ་མཛད་བཟང་གི་ལེགས་སྐྱེས་སྤམ་མཐོ་བ་བསྩལ། སྤྱི་ལོའི༡༩༥༣ལོར། རྒྱལ་ས་པེ་ཅིན་དུ་ཕེབས་ནས《མ་བུ་བདེ་འཇགས》དང་།《གསེར་དངུལ་ཐང》དང་།《བོད་ལྗོངས་ཞི་བའི་བཅིངས་འགྲོལ》སོགས་རྒྱའི་སྐད་ཀྱི་གློག་བརྙན་མང་པོ་ཞིག་བོད་སྐད་ཐོག་ཚུར་ཕབ་པ་དང་། སོག་པོའི་འཚོ་བ་མཚོན་པའི་གློག་བརྙན《རྩ་ཐང་གི་མི་དམངས》ཞེས་པ་དང་།《༡༩༥༣ལོའི་རྒྱལ་སྟོན》ཞེས་པ་སོགས་གློག་བརྙན་མང་པོ་ཞིག་བོད་སྐད་དུ་ཚུར་ཕབ་པས་བོད་རིགས་མི་དམངས་ཀྱིས་རང་གི་བོད་སྐད་ཀྱི་གློག་བརྙན་ལ་བལྟ་ཐུབ་པའི་སྐལ་བཟང་མངོན་དུ་བྱས།    སྤྱི་ལོའི༡༩༥༠ལོར་མཚོ་སྔོན་གྱི་སྲིད་གཞུང་གསར་བ་དབུ་བརྙེས་རྗེས། མཚོ་སྔོན་སློབ་གསོ་ཐིན་གྱི་དབུ་ཁྲིད་དང་། ནུབ་བྱང་དམག་དོན་ཨུ་ཡོན་ལྷན་ཚོགས་ཀྱི་སློབ་གསོའི་ཨུ་ཡོན་སོགས་སྔ་ཕྱིར་དབུ་ཁྲིད་ཀྱི་འགན་དུ་མ་ཕྲག་ཏུ་བླངས་ནས་མི་རིགས་སློབ་གསོ་ལ་བྱས་རྗེས་བླ་ན་མ་མཆིས་པ་བཞག་ཕྱིར། རྒྱལ་ཁབ་ཀྱི་གཙོ་འཛིན་མོའུ་ཙེ་ཏུང་མཆོག་གིས་ཀྱང་། སྐུ་ཞབས་གསུང་རབ་ལགས། ཁྱེད་ཀྱི་མཚན་སྙན་ནི་འབྲུག་སྒྲ་ལྟར་སྔ་ནས་གོ་ཐོས་སུ་ཡོད། སྐུ་ཞབས་ཕིན་དང་བང་ཀྲིན་སོགས་ཀྱིས་རྒྱུན་པར་ཁྱེད་རང་གླེང་གིན་འདུག ཁྱེད་ནི་བོད་རིགས་མི་དམངས་ཀྱི་ཕུལ་བྱུང་འཐུས་མི་དང་ཏང་དང་རྒྱལ་ཁབ་ཀྱི་བློ་དཀར་མི་སྣ་ཞིག་ཡིན་པས། དེ་རིང་འདི་ནས་ཆེད་དུ་ཁྱེད་ལ་བཀའ་དྲིན་ཞུ་བ་ལགས་སོགས་གདེང་འཇོག་ཚད་མཐོན་པོར་གནངས།   སྤྱི་ལོའི༡༩༥༡ལོའི་ཟླ༡པོའི་ཚེས༡༦ཉིན་ལ། མཁས་དབང་སྒ་གསུང་རབ་རྒྱ་མཚོས་སྣེ་འཁྲིད་འོག་རང་རྒྱལ་གྱི་ལོ་རྒྱུས་སྟེང་གི་བོད་ཡིག་ཚགས་པར་ཐོག་མ་དེ་ཉིད་དབུ་བརྙེས་ཐུབ་པ་བྱུང་ལ། དེའི་ཕྱི་ལོ་སྟེ་སྤྱི་ལོའི༡༩༥༢ལོར། གཞན་དང་མཉམ་འབྲེལ་འོག་མཚོ་སྔོན་བོད་སྐད་རྒྱང་སྒྲོག་གི་སྒོ་ཕྱེས་ཤིང་ཉིན་རེེར་སྐར་མ་བཅོ་ལྔའི་རིང་ལ་འབྲེལ་ཡོད་ལེ་ཚན་ཐད་གཏོང་ཐུབ་པའི་བྱ་བ་བདེ་བླག་ངང་འགྲུབ་པས། མཚོ་སྔོན་བོད་རིགས་མི་དམངས་ཀྱིས་ཐོག་དང་པོར་རྒྱང་སྒྲོག་ལ་ཉན་ཐུབ་པའི་འདོད་པ་དོན་སྨིན་དུ་མཛད།      སྤྱི་ལོའི༡༩༥༩ལོར། རྒྱལ་ཁབ་བཙུགས་ནས་ལོ་འཁོར་ལྔ་བཅུ་འཁོར་བའི་རྒྱལ་སྟོན་དུ་ཞུགས་ཤིང་། ལོ་དེའི་སྔ་ཕྱི་ལ་ནང་ལོག་གི་གྲོང་ཁྱེར་ཆེན་པོ་ཧྲེང་ཧེ་སོགས་དང་། ཕྱིའི་ཅཱི་འར་ཅི་སི་ཐན་སོགས་རྒྱལ་ཁབ་དུ་མར་ཞབས་ཀྱིས་བཅགས། སྤྱི་ལོའི༡༩༦༢ལོར། མཁས་པའི་དབང་བོ་ཚེ་ཏན་ཞབས་དྲུང་སོགས་དང་ལྷན་ཅིག་ཏུ་གེ་སར་སྒྲུང་མྱུར་སྐྱོབ་ཀྱི་བྱ་བར་ཞུགས་པ་སྟེ། སྔ་ཕྱིར་གེ་སར་སྒྲུང་དཔེ་མང་པོ་བསྡུ་ཉར་མཛད་པ་དང་། དེ་དག་ཀྱང་བོར་བརླག་ཏུ་མི་འགྲོ་བར་དམིགས་དཔེ་བསྐྲུན་གྱི་ལམ་ནས་ལེགས་པར་བསྲུངས་པའི་བཀའ་དྲིན་གྱིས་རྗེས་སུ་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་དང་། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ། སི་ཁྲོན་ཞིང་ཆེན་རིག་གནས་ཐིན་སོགས་ནས་ཀྱང་འབྲེལ་ཡོད་གེ་སར་ཞིབ་འཇུག་ཁང་དུ་མ་རིམ་པར་འཛུགས་ཐུབ་པ་བྱུང་།

 

དེ་ལྟར་བཀའ་དྲིན་གྱིས་ལྕི་བའི་མཁས་དབང་འདི་ཉིད་དཀའ་ངལ་སྐུ་ཚེགས་ཅི་ཙམ་ཆེ་ཡང་ཅུང་ཙམ་ཡང་མ་འཇིགས་པར་དཔའ་སྙིང་སྟོབས་ཆེན་པོས་རྒྱལ་ཁབ་དང་མི་རིགས་ཀྱི་རིག་གནས་ཉམས་པ་སླར་གསོ་དང་། མེད་པ་གསར་སྤེལ་གྱི་ལམ་ནས་རླབས་ཆེན་གྱི་མཛད་པ་མང་པོ་ཞིག་བསྐྱངས་དང་སྐྱོང་བཞིན་ངང་དགུང་གྲངས་གྱ་བརྒྱད་ལ་སླེབས་མཚམས། རང་ཅག་རྣམས་ལ་ད་དུང་ཡང་བཀའ་དྲིན་གྱིས་འཚོ་བའི་བསོད་ནམས་ཀྱིས་མ་ལྕོགས་པས་རེ་ཞིག་མཁས་པའི་དབང་པོ་སྒ་གསུང་རབ་རྒྱ་མཚོ་མཆོག་རང་རེའི་ཕ་ཡུལ་འདི་དང་གཏན་དུ་བྲལ་ནས་ཙོང་ཁའི་ཟི་ལིང་གྲོང་དུ་དགོངས་པ་ཆོས་དབྱིངས་སུ་གཤེགས་པའི་ཚུལ་བསྟན། སྐབས་དེར་ཏག་ཏག་ཀུན་གཟིགས་པཎ་ཆེན་བཅུ་བ་མཆོག་གཙང་བཀྲ་ཤིས་ལྷུན་པོ་དང་། བླ་བྲང་བཀྲ་ཤིས་འཁྱིལ། སྐུ་འབུམ། ཀ་རིང་དགོན་སོགས་སུ་གཟིགས་རྟོག་རེ་ཞིག་འགྲུབ་ནས་ཚུར་ཟི་ལིང་ལ་ཕེབས་པའི་ལམ་བར་དུ་འཁེལ་བས་དུས་ཚོད་ཀྱི་སྔ་གཞུག་ཅུང་ཙམ་ཤོར་བ་ལ་སྐྱོ་གདུང་ཚད་མེད་པ་དང་བཅས། ང་ཐོན་པ་འཕྱི་སོང་ཞེས་ཁོང་ཉིད་ལ་སྐྱེལ་མ་མཛད་པ་སོགས། མཁས་དབང་འདིའི་སྐུ་དྲིན་ལ་འཁོར་ཐབས་ཤིག་ག་ལ་ཨང་།

 

ཁ་སྒང་སྟག་འབུམ་རྒྱལ་ནས།