བཻ་རོའི་རྣམ་ཐར་ལས་མཐོང་བའི་འགྱོད་པ་བརྒྱད་ཀྱི་མགུར། སྐྱུ་རའི་རླུང་བུ།

209/545

སྤྱིར་བོད་མཁས་པའི་རྣམ་ཐར་ཐམས་ཅད་ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས་བོད་འདིར་བཀའ་དྲིན་མཚོན་ཡོད་རུང་། ཕྱོགས་གང་གིས་ཀྱང་གཞལ་དཀའ་བའི་ལོ་ཆེན་བཻ་རོ་ཙ་ནའི་བཀའ་དྲིན་ལྟ་བུ་ལྗོངས་འདིར་རྒྱུ་བ་གཅིག་མི་སྣང་། དེ་ཡང་དུས་རབས་བརྒྱད་པའི་ནང་དུ་ཡབ་གན་ཆག་རྡོ་རྗེ་རྒྱལ་དང་ཡུམ་སྒྲོན་ས་སྒྲོན་སྐྱིད་གཉིས་ཀྱི་སྲས་སུ་སྙེ་མོ་བྱེད་ཀར་དུ་སྐུ་འཁྲུངས་པའི་གན་ཇག་ཐང་ཐའམ་བཻ་རོ་ཙ་ནས་དཀའ་སྤྱད་མང་པོ་དང་དུ་བླངས་ནས་རྒྱ་གར་ནས་ཚུར་བོད་དུ་ཕེབས་ཏེ་ཉང་རོ་ནེའུ་སིང་སོགས་ཡུལ་ཕྱོགས་མང་པོར་ཆོས་སྟོན་པར་བྱོན་ནས་སླར་ཡང་བསམ་ཡས་སུ་ཉི་མ་དགོང་ཕྱེད་ལ་འབྱོར་སྐབས། མངའ་བདག་རྒྱལ་པོའི་འབངས་རྣམས་ཕྱི་ལ་སྡད། བཙན་པོ་ཉིད་གུར་གྱི་ནང་ལ་བཞུགས་པ་ལ་བཻ་རོ་ཙ་ནས་རྫུ་འཕྲུལ་གྱིས་གུར་གྱི་བྱང་ཕྱོགས་ནས་སློག་སྟེ། བཙན་པོའི་སྙན་དུ། རྗེ་ཡིས་བཀའ་སྩལ་མན་ངག་གི་ཆོས་རྣམས་གྲུབ་ནས་མཆིས། རྒྱ་གར་གྱི་མི་རྣམས་ཕྲག་ཆེ་བ་ཡིན་པས་སྙན་དུ་ཕྲ་མ་དག་བྱུང་སྲིད་པས་གསན་དུ་མི་རུང་བར་ཞུས་ཏེ་བཀའ་རྟགས་ཀྱི་ཕྱག་རྒྱ་དང་སྲོག་ཚིག་མནོས་ནས་ཕྱིར་བཀྱེད། དེ་ནས་ཞག་གསུམ་གྱི་རྗེས་རྒྱལ་པོས་བཻ་རོ་ཙ་ནར་མཇལ་ཕྱག་འཚལ་ཞིང་ཞབས་སྤྱི་བོར་བླངས་ནས་རྗེ་བློན་ལ་སོགས་པར་རྒྱུ་འབྲས་ཀྱི་དམ་ཆོས་སྤྱི་དང་ ཁྱད་པར་ནམ་གུང་ལ་རྗེ་ཉིད་ལ་ཟབ་དོན་ཨ་ཏི་ཡོ་གའི་མན་ངག་སོགས་ཉིན་པར་མདོ་ཆོས་རྣམས་དང་ནམ་གུང་ལ་གསང་སྔགས་ཆོས་རྣམས་ལོ་ལྔའི་རིང་བསྒྱུར་ནས་ལྷའི་རྗེ་བྱ་བར་གྲགས། དེ་སྐབས་བློན་འབངས་ཀུན་གྱིས། འོ་ཅག་གི་ལྷ་རྗེ་ཁྲི་སྲོང་ལྡེའུ་བཙན་ལ་ཡང་རྗེ་གཅིག་འདུག་གོ་ཟེར་ནས་ལྷའི་རྗེ་ཅེས་པར་ཡང་གྲགས། རིམ་བཞིན་རྒྱ་གར་གྱི་མན་ངག་རྒྱ་རུ་སྤྲད་ཡོད་པ་དེ་པཎྜི་ཏ་རྣམས་ཀྱི་ཐུགས་ལ་རྒྱལ་པོས་བཤིག་ནས་བསྐུར་བར་དགོངས་པ་དང་རྒྱལ་པོའི་ཐུགས་ལ་པཎྜི་ཏས་བཤིག་ནས་བོད་ཀྱི་བན་དྷེ་ལ་བསྐུར་བར་དགོངས་པ་སོགས་ཁ་མ་ཆམ་པར་རྒྱ་གར་ཀྱི་རྒྱལ་པོ་དང་བློན་པོ་གདུག་པ་ཅན་རྣམས་བཀའ་བགྲོས་ཏེ་བོད་དུ་ཕྲ་མ་བཏང་ནས་བཻ་རོ་ཙ་ན་གསོད་ཅེས་ཟེར་བར་གྲོས་འཆམས། བོད་དུ་ངན་པ་སྒྲོག་པའི་ཕྲ་མ་ཡང་བཏང་། ཕྲ་མ་མཁན་རྣམས་ཀྱིས་བོད་ཀྱི་རྗེ་བློན་འབངས་རྣམས་ལ་བོད་ཀྱི་བམ་དྷེ་བཻ་རོ་ཙ་ནས་མན་ངག་གི་ཆོས་ནི་མ་རྙེད། བོད་ཕུང་བར་བྱེད་པའི་རྒྱ་གར་གྱི་ངན་སྔགས་རྣམས་དང་ཁྲོ་ཆུ་ཕྲ་མེན་ལ་སོགས་པ་ཕུང་ཆོས་སྣ་ཚོགས་པ་ཁྱེར་སོང་བས་བོད་ཀྱི་བཀའ་ཁྲིམས་ཆེན་པོ་དང་སྦྱོར་ཞིག་ཟེར་བའི་འཆལ་གཏམ་ཅི་རིགས་པ་བསྒྲགས། བོད་ཀྱི་བློན་པོ་གདུག་པ་ཅན་རྣམས་འཚོགས་ནས། རྗེའི་སྤྱན་སྔར་ཕྱིན་ཏེ་བན་དྷེ་བཻ་རོ་ཙ་ན་འདི་ཆོས་འཚོལ་དུ་བཏང་བས་ཆོས་ནི་མ་རྙེད། ངན་སྔགས་ལ་སོགས་བོད་ཕུང་བར་བྱེད་པའི་ངན་སྔགས་སྣ་ཚོགས་ཁྱེར་ནས་བོད་འདི་ཕུང་བར་བྱེད་ངེས་པས་འདི་གསོད་པར་ཞུ་ཞེས་ཞུས་གསོལ་བྱས། རྗེའི་ཞལ་ནས་དེ་དག་མི་ཡོང་ཟེར་ནས་མ་གནང་། དེ་ལྟར་ངན་བློན་རྣམས་ཀྱིས་ནངས་མ་རེ་རེ་བཞིན་གྲོས་བྱས་ནས་བཻ་རོ་ཙ་ན་གསོད་སྤྱུག་བྱེད་དགོས་པ་དང་མ་བྱས་ན་ནམ་ཡང་བོད་ཕུང་བར་འགྲོ་བའི་ཞུ་བ་ཐེངས་མངས་ཕུལ་བས། རྗེའི་ཞལ་ནས་བསད་པས་མི་འོང་ཆུ་ལ་བསྐྱུར་གྱིས་གསུངས་ཏེ་བཻ་རོ་འདྲ་བའི་སྤྲང་པོ་གཅིག་བཟུང་། དེ་ལ་བཻ་རོའི་གོས་ལྷམ་སྤུབས་སུ་བཅུག་ནས་ཟངས་ཀྱི་ཁ་སྦྱར་ནང་དུ་བཅུག་སྟེ་ཡར་ཀླུང་གཙང་པོ་འདུས་པའི་ཆུ་ལ་བསྐྱུར། རྒྱལ་པོས་བཻ་རོ་ཙ་ན་ཆབ་ལ་གཤེགས་པའི་བཀའ་རྒྱ་བཏང་བ་དང་སྐྱོ་གདུང་མནར་བའི་ཚུལ་བསྟན། དེ་ནས་རྒྱལ་པོས་ཀ་བ་སྤོམ་པོ་ཞིག་ཁོག་སྟོང་དུ་བྲུས་ནས་དེའི་སྒོ་ལ་སྤང་ལེབ་བཅུག དེའི་ནང་བཻ་རོ་ཙ་ན་བཞུགས་ནས་ནམ་གུང་ལ་འབངས་བྲན་འཁོར་ཡོད་ཚད་ཉལ་བ་དང་ཆོས་ཉན་པ་གནང་བ་ལས་ནུབ་གཅིག་ཚེ་སྤོང་བཟའ་དམར་རྒྱན་གྱིས་མཇལ་ནས་སྡིག་བློན་རྣམས་ལ་བསྒྲགས། ངན་བློན་རྣམས་ཀྱིས་དེ་དག་གོ་སྐབས་ཤིག་དང་རྒྱུ་རྐྱེན། དཔང་རྟགས་སོགས་ལ་འཛིན་ནས་བཻ་རོ་གསོད་སྤྱུགས་བྱེད་དགོས་པའི་ཞུ་འབུལ་དང་རྒྱལ་པོ་ལའང་ཉེས་འགེབས་བྱས་པའི་ནག་ཉེས་འཛུག་གྲབ་བྱས་པས་མཐར། རྗེའི་ཞལ་ནས་ཁྱེད་ཅག་རྣམས་སྔོན་ཡང་དེ་དང་འདྲ་བས། ད་ལྟ་ཡང་འཕགས་པའི་ཞལ་ཉི་ཟེར་ཙམ་ཞིག་ཀྱང་མི་མཐོང་། ད་དེ་ལྟར་ཁྱེད་ཚོ་ལ་བཅད་ན་གསད་པ་བས་སྤྱུགས་པར་བྱའོ་ཞེས་བཀའ་བསྩལ། བློན་པོ་རྣམས་དགའ་སྟེ་སྤྱུག་རྒྱུའི་ཐག་བཅད། རྗེ་བློན་རྣམས་འཚོགས་པ་ལ། བཻ་རོ་ཙ་ནས་མགུར་མི་འདྲ་བ་བརྒྱད་ཀྱི་སྒོ་ནས་མི་སྤྱུགས་པའི་ཐབས་ལ་འདུན་པ་བཅོལ་བ།

“ མགུར་དང་པོ། „ རྒྱ་གར་སོགས་གཅན་གཟན་གྱི་ཕྲང་དང་དུག་སྤྲུལ་གྱི་ཚང་སོགས་ལ་དཀའ་སྤྱད་མང་པོ་གྱིས་པའི་ལོ་རྒྱུས་རྣམས་བཤད་ནས་མི་སྤྲུགས་པའི་ཐབས་ལ་འདུན་པ་བཅོལ་ནས་དེའི་དོན་རྣམས་མགུར་ལ་གསུངས་པས། བློན་འབངས་རྣམས་དབུ་འཕངས་དམའ་བར་མཛད་ནས་ཞལ་ནག་རོག་གེར་བཞུགས་ནས་ཡག་ཉེས་ཀྱི་ལན་གང་ཡང་མ་བཤད།

“ མགུར་གཉིས་པ། „ ཡང་བཻ་རོའི་ཐུགས་ལ་རྗེ་བློན་འབངས་ཐམས་ཅད་ཀྱིས་གྲོས་བྱས་ནས་མན་ངག་འཚོལ་དུ་རྒྱ་གར་སོགས་བགྲོད་དཀའ་བའི་ཡུལ་དུ་བཏང་བ་ལ། ཕ་མ་གཉེན་འདུན་ཐམས་ཅད་སྤངས་ཏེ་དོ་ཤི་དོ་ཆད་བྱས་པའི་ལོ་རྒྱུས་རྣམས་བཤད་ན་ཉན་ནམ་སྙམ་ནས་དེའི་དོན་མགུར་དུ་གསུངས་པས། དེར་ཡང་རྗེ་བློན་རྣམས་སྔར་ལྟར་ཅི་ཡང་མ་སྨྲས་པར་ཞལ་ནག་རོག་གེར་བཞུགས།

“ མགུར་གསུམ་པ། „ སླར་བཻ་རོའི་ཐུགས་ལ་བོད་ལ་དགོས་པའི་ཡོན་ཏན་གྱི་རྣམ་པ་འདི་ལྟ་བུ་བདག་གིས་དཀའ་ངལ་ཁྱད་བསད་བྱས་ནས་དྲངས་པ་དང་དེ་དག་འདི་ལྟ་བུ་ཡོད་དོ་བྱས་ན་མི་སྤྱུག་གམ་སྙམ་ནས་དེའི་དོན་མགུར་ལ་བཞེངས་པས། དེར་ཡང་འབངས་བློན་ཐམས་ཅད་ཞལ་ནག་རོག་གེར་འདུག་ནས་སྔར་ལྟར་གང་ཡང་མ་བཤད།

“ མགུར་བཞི་པ། „ ཡང་བཻ་རོའི་ཐུགས་ལ་དམ་བདར་ན་ཕན་དགོངས་ནས་སྔར་རྗེ་བློན་འབངས་རྣམས་ལ་ཆོས་གསུངས་པའི་དམ་ཚིག་དང་དེ་མ་སྲུང་ན་མྱལ་བར་འགྲོ་བ་དང་སྲུང་ན་མཆོག་གི་དངོས་གྲུབ་ཐོབ་པའི་དོན་རྣམས་མགུར་ལ་གསུངས་པས། རྒྱལ་པོ་ཐུགས་ལ་མཁས་པ་བཻ་རོ་ཙ་ན་བཞུགས་པར་གྲོས་བྱེད་དགོས་སྙམ་ནས་བློན་རྣམས་འཚོགས་ཏེ་བཻ་རོ་ཙ་ན་མི་སྤྱུག་པར་གྲོས་བྱས་པས། བློན་པོ་གདུག་ཅན་འགའ་རེས་བཻ་རོ་ངན་སྔགས་དང་ཕུང་ཆོས་སྣ་ཚོགས་ཐོགས་པ་འདི་མ་སྤྱུགས་ན་བོད་ཁམས་ཕུང་བའི་ངན་ཞུ་སྣ་ཚོགས་བྱས་པས་སྔར་ལྟར་དོན་གང་ཡང་མ་བྱུང་།

“ མགུར་ལྔ་པ། „ ཡང་བཻ་རོ་ཙ་ནས་བཻ་རོ་ཉིད་རྒྱལ་མོ་ཚ་བ་རོང་དུ་སྤྱུགས་ན་བོད་ལ་མདོ་སྔགས་ཀྱི་བསྟན་པ་ནུབ་འགྲོ་བ་དང་དེ་དག་ནུབ་ན་བོད་ཡུལ་མུན་པའི་གླིང་དུ་གྱུར་ནས་སླར་བོད་མི་རིགས་ལ་བདེ་སྐྱིད་ཀྱི་ཉི་མ་མི་འཆར་བ་འདུག་པའི་དོན་རྣམས་གསུང་ན་མི་སྤྱུག་གོ་སྙམ་ནས་དེའི་དོན་རྣམས་མགུར་དུ་གསུངས་པས་སྔར་ལྟར་ལེགས་ཉེས་ཀྱི་དོན་གང་ཡང་མ་བྱུང་།

“ མགུར་དྲུག་པ། „ ཡང་བཻ་རོས་བཙུན་མོ་བཟའ་དམར་རྒྱན་ལ་འདི་དག་ཐམས་ཅད་ཁྱོད་ཀྱིས་ལན་ནོ། །ཁྱོད་དམ་ཚིག་ཉམས་པས་དམྱལ་བར་འགྲོ་བའི་མགུར་བཞེངས་པ་ལ། བཙུན་མོས་བོད་ཀྱི་ཉི་མ་སྤྱུགས་པར་སྙིང་རེ་རྗེ་ཟེར་ནས་མང་དུ་བཤུམས་པས། བཻ་རོའི་ཞལ་ནས་བཙུན་མོས་ང་མི་སྤྱུག་པའི་གཏམ་གསུངས་སོང་བས་འགལ་བ་མཆིས་སོ་གསུངས་པས། བཙུན་མོས་ཡང་ཁོ་མོ་ཞེ་སྡང་གི་དབང་གིས་ཚིག་དེ་ཤོར་བ་ཡིན་པས་བཟོད་གསོལ་ཟེར་ནས་མང་དུ་བཤུམས་པས་སྔར་ལྟར་དོན་གང་ཡང་མ་བྱུང་བར་གྱུར། “ མགུར་བདུན་པ། „ དེ་ནས་བཻ་རོས་མངའ་བདག་རྒྱལ་པོ་ལ་འཇིག་རྟེན་འཁོར་བའི་ཆོས་ལ་མི་ཆགས་པའི་མགུར་གསུངས་ཏེ་འགྲོ་བར་ཆས། དེ་ཙ་ན་རྣ་བོ་ཆེའི་རྒྱལ་པོ་གཅིག་གིས་ཁྲི་སྲོང་ལྡེའུ་བཙན་ལ་བཻ་རོ་ཙ་ན་སྤྱུག་པས་བོད་ཀྱི་ཉི་མ་ནུབ་པ་མ་ལགས་སམ་འདི་ལྟ་བུ་སྤྱུག་ཕོད་དམ་ཞུས་པས། རྒྱལ་པོའི་ཐུགས་ལ་བདེན་སྙམ་ནས་བློན་པོ་བསྡུས་ཏེ་མི་སྤྱུག་པའི་མགུར་གསུངས་ཀྱང་བློན་པོའི་བྱས་རྗེས་དབང་བཙན་པས་ཐབས་ལམ་ཟད།

“ མགུར་བརྒྱད་པ། „ མཐར་བཻ་རོ་ཙ་ནས་ཀྱང་ཚ་བའི་ཡུལ་དུ་གཤེགས་རྒྱུའི་ཐག་བཅད་དེ་རྗེ་བློན་རྣམས་ལ་དགེ་སྡིག་གི་མགུར་གསུངས་ནས་ལྷ་ཀླུ་གཉན་གསུམ་དང་བཅས་པར་ཞལ་དབྱར་མཇལ་བར་གསུངས་པས། ལྷ་ཀླུ་གཉན་གསུམ་ལ་སོགས་པའི་ལྷ་སྲིད་སྡེ་བརྒྱད་ཀྱི་སྐུ་དངོས་སུ་བསྟན་ནས་བཻ་རོ་ཙ་ན་ལ་བསྐོར་བ་བྱས་ཏེ་བཀའ་ཉན་པར་དམ་བཅས། བཻ་རོས་རྗེ་བློན་འཚོགས་སར།

ལོ་བརྒྱད་ལོན་ནས་ལོ་ཙྭ་བསླབ་པས་མཐའ་འདིར་མཆིས། །

བཅོ་ལྔ་ལོན་ནས་སྐད་སྣ་སྟོང་དང་དྲུག་བརྒྱ་སྦྱངས། །

རྒྱ་གར་གསང་མཛོད་དམ་ཆོས་མ་ལུས་བོད་དུ་བསྒྱུར། །

བོད་ཀྱི་མུན་སེལ་ཁྲི་གདུགས་ཉི་མ་འདར་བ་སྤྱུགས། །

གོ་རྟོགས་བློ་སང་འབྱོན་ཚེ་འགྱོད་པའི་དུས་ཤིག་མཆིས། །ཅེས་པ་ལ་སོགས་པའི་འགྱོད་པ་བརྒྱད་ཀྱི་མགུར་གསུངས་ནས་ཆིབས་རྒྱགས་དང་བཅས་ཏེ་རྒྱལ་མོ་ཚ་བའི་རོང་དུ་གཤེགས་སོ། །

2018 ལོའི་བོད་ཟླ་ 11 ཚེས་16 ཉིན།