རྐང་རྗེས་ཀྱི་མིག་ཆུ།

207/545

ང་ནི་རྩྭ་ཐང་ནས་བཞད་པའི་མེ་ཏོག་རྐང་གཅིག་གི་ཚུལ་གྱིས་མཐོ་སྒང་གི་གྲང་རེག་དང་ལྷན་དུ་སྤྱང་དར་མའི་གདུག་རྩུབ་ཀྱི་ཞེད་སྣང་དང་ཁེར་ཧྲེང་གི་སྙིང་རྗེ་ཁུར་ནས་ནོར་ཁྱུ་དང་འགྲོགས་ཏེ་འདབ་མ་རེ་རེ་སྤང་རིའི་བྲང་ཁུག་ལ་གཏོར་ཡོད།དེ་དུས་ཁོ་བོས་ཞིམ་མངར་དྭངས་གཙང་གི་རྫ་རིའི་ཆུ་ཕྲན་རིང་མོའི་ཆལ་སྒྲ་དང་།སྐྱི་བསེར་རླུང་བུའི་ཤུ་སྒྲ།དབྱར་རྔ་ལྡིར་བའི་གད་སྒྲ་བཅས་ནི་ཆེས་ཡིད་དུ་མི་འོང་བའི་སུན་སྣང་གི་ཕྲ་ཕུང་ཁོ་ནར་རློམ་ཡོད།ནམ་རྒྱུན་དགུན་གསུམ་གྱི་ཙག་རླུང་ཁ་བ་བུ་ཡུག་གི་མཛེས་སྡུག་ལ་མ་བཟོད་པར་ས་ཆེན་གྱི་ཕང་བར་རྒོལ་ཐེངས་རེར།རི་ལུང་རྫ་གསུམ་གསོན་ཤུགས་དང་བྲལ་བའི་གཏོར་གཟུགས་ཁོ་ནར་གྲུབ་ལ།ལྷང་ལྷང་འབབ་པའི་གངས་ཆུའི་བཞུར་རྒྱུན་ཡང་ཆད་ནས་ས་གཞི་ཧྲིལ་བོ་མྱ་ངན་གྱིས་གདུང་བའི་ཐལ་མདོག་གི་འཇིག་རྟེན་གཞན་ཞིག་ཏུ་མཐོང་།

ཡིན་ན་ཡང་”རྩྭ་ཐང”ཞེས་པའི་རང་ཁྱིམ་དྲོན་མོ་དེ་ན་ང་ལ་ནམ་ཡང་བསུབ་ཏུ་མེད་པའི་ཕྱིར་དྲན་མངར་མོ་ཞིག་ཡོད་དེ།མངར་ཁ་དེ་ནི་སྐབས་རེར་ཨ་མའི་བཞོ་དབྱངས་དང་བསྡེབས་པའི་འབྲི་མོའི་འོ་ཞོ་དེ་ཡིན་པ་འདྲ་ལ།མཚམས་རེར་ཨ་ཕའི་རྐང་གླིང་དང་མཉམ་པའི་རི་གླུ་སིང་སིང་དེ་ཡིན་པ་འདྲ།ཡང་ན་ཁ་བ་ལྟ་བའི་མེ་ཏོག་འདྲ་བའི་ཨ་མའི་ཨོ་ལོ་དེ་ཚོའམ་དེ་ཚོས་བཞག་པའི་རྐང་རྗེས་ཕྲ་ལ་གསལ་བ་དག་ཅི་ལ་མིན།

དེ་དག་བསམ་ཚེ་ངའི་སྙིང་ཆུང་གི་འཕར་ལྡིང་མགྱོགས་སུ་ཕྱིན་ནས་གཞས་ར་ཕྲ་མོ་ལྟ་བུའི་བྱིས་དུས་ཀྱི་རྩེད་འཇོ་དག་ཕྱིར་དྲན་གྱི་ནམ་མཁའི་དབྱིངས་སུ་བཅོ་ལྔའི་དུང་ཟླ་བཞིན་སྐད་ཅིག་ལྷང་ངེར་འཆར་ཡོང་སྟེ།བསྐོར་དང་ཁྱུ་བྱས་ནས་རྩེ་བའི་ཨ་ཁུ་སྤྱང་ཁུ་དང་།ཚོ་དང་ཚོ་བྱས་ནས་འཁྲབ་པའི་འཇིག་རྟེན་འཁོར་བ།དཔུང་དང་རུ་བྱས་ནས་འཐབ་པའི་དཔའ་བོའི་གཡུལ་འགྱེད་དམ་རྒྱལ་བློན་རྟོགས་བརྗོད།དེ་མིན་ད་དུང་མེ་ཏོག་འཐུ་བ་དང་བྱི་ལོང་འཛིན་པ།གནའ་གཏམ་བཤད་རེས་དང་ཁེད་ལན་རྫོགས་རེས་བྱེད་པ་བཅས་ནི་དུས་བཞིའི་རེས་མོས་ཀྱི་ཁྲོད་ན་གོམས་འདྲིས་སུ་ཆགས་པའི་བྱིས་པ་སྣབས་ལུག་ང་ཚོའི་བྱ་གཞག་ཉག་གཅིག་གམ།ཡང་ན་ཚེ་སྲོག་ཆུང་ཆུང་འགས་རྩྭ་ཐང་གི་མངར་ཁ་གཞིབ་པ་ཞིག་ཀྱང་ཅིས་མ་ཡིན།ཆུང་དུས་སུ་ངས་ད་དུང་ཨ་མས་འབྲི་མོ་བཞོ་བར་རོགས་བྱས་ཏེ་བེའུ་གདང་དུ་འཐེན་དགོས་ལ།གློ་བུར་དུ་གནམ་ངོ་འཁྲིགས་ནས་ཆར་ཞོད་ཡོང་དུས་ལྷས་འདབས་ན་ཉི་མར་ལྡེ་བའི་ཨོང་ལེབ་དེ་ཚོ་མྱུར་བ་མྱུར་དུ་སྦྲ་ནང་དུ་འཁྱེར་ཐབས་བྱེད་དགོས།ད་དུང་ཉིན་གུང་གི་མཚམས་སུ་སྦྲའི་གཡས་ཕྱོགས་སུ་ཤར་མར་བརྡལ་ཏེ་བཀྲམ་པའི་ཕྱུར་བ་སྲུང་བའི་སོ་ལྟ་བ་ཆུང་ཆུང་ཞིག་གི་སྐྱེས་བ་ཡང་བཞེས་མྱོང་ལ།གལ་ཏེ་ཨ་མའི་སྤྲད་པའི་ལས་ཀ་དག་ལ་གོ་འཛོལ་མ་བྱུང་ཚེ་ནམ་རྒྱུན་བྱ་དགའི་འོ་མ་གང་འདོད་དུ་འཐུང་ཆོག།དེ་དག་བསམ་ཚེ་ང་ནི་འབྲི་མོ་ཟེར་བའི་ཨ་མ་ཞིག་གི་མར་ཆུར་འོ་གསུམ་གྱིས་གསོས་པའི་བེའུ་ཆུང་ཆུང་ཞིག་ཏུ་འགྱུར་དགོས་སམ།བེའུ་ཞེས་པའི་འབྲི་མོའི་ཨོ་ལོ་དེ་ཡི་གཏན་གྱི་འགྲན་ཡ་ཞིག་ཏུ་ལགས་སམ།ཡང་ན་རྩྭ་ཐང་གི་འགྲོ་བ་དག་ལ་དབང་བསྒྱུར་བྱེད་མཁན་གྱི་གཤེད་མ་ནག་པོ་ཡིན་ནམ་སྙམ་པའི་སེམས་པ་ཡང་བློང་བློང་པོར་གྱུར་བའི་མོད་ལ།སླར་ཡང་ཨ་མའི་བྱམས་བརྩེ་དང་མ་ཎིའི་དབྱངས་རྟ་ཡིད་ལ་འཁོར་བས་ང་ཚོ་ནི་རྩྭ་ཐང་ཞེས་པའི་གཞིས་ཁྱིམ་ཡངས་པོ་འདིའི་ཁུད་ན་རང་དབང་གིས་འཚོ་བའི་སེམས་ཅན་རྣལ་མ་ཏག་ཏག་ཡིན་པའི་ངེས་ཤེས་སྙིང་ནས་འདྲོངས་བས་ཕྱིར་དྲན་གྱི་སེམས་པ་བསྟུད་མར་གཙང་བའི་རྒྱུན་ལ་འདྲེས།

དེ་ཙ་ན་དྭངས་གསལ་ཆུ་ཕྲན་གྱི་བཞུར་རྒྱུན་དང་ལས་དབང་ཡིད་ལ་གསལ་ལེར་འཁོར་བྱུང་།སྟོད་ཀྱི་རྫ་སྐེད་ནས་མཆེད་དེ་སྨད་ཀྱི་རྒྱ་མཚོ་ལ་བཞུར་བའི་བར་མེད་རྟག་ཏུ་འབབ་པའི་ཆུ་ཕྲན་ལགས།ཁྱོད་ཀྱི་བཞུར་རྒྱུན་ངའི་འཚར་ལོངས་དང་འགྲོགས་ནས་མཚམས་ཆད་མ་མྱོང་ལ།ཀྱག་ཀྱོག་གི་བགྲོད་ལམ་ལ་འགྲུལ་བཞུད་ཀྱི་འགག་ཕྲེང་ཇི་ལྟར་དོག་ཀྱང་།ཧྲིག་ཧྲིག་གི་ཕང་རྡོའི་རྒོལ་བ་ཇི་འདྲའི་རྩུབ་ཀྱང་རྒྱ་མཚོར་འབབ་པའི་འདུན་པ་གཏན་ནས་བོར་མ་མྱོང་།འོན་ཀྱང་དུས་ཀྱི་ཕོ་ཉ་སྤྲིན་བཞོན་གྱི་རྟ་ལ་་བཅིབས་དེ་ཁོར་ཡུག་འདིའི་མཁའ་དབྱིངས་ལ་ནམ་ཟླ་གསར་བ་ཞིག་གི་འཇབ་རྒོལ་ཐེབས་དུས།ཁྱོད་ཀྱིས་ངའི་ཆེད་དུ་མཐོ་སྒང་གི་གྲང་རེག་འཁུར་ནས་གང་ཞིག་ལ་འཚོལ་བར་ཆས་སམ།ང་བསྐྱུར་ནས་རྒྱང་རིང་རྒྱང་རིང་གི་འཇིག་རྟེན་གསར་བ་ཞིག་ལ་འབྲོ་སྙིང་ཡོད།ཡང་ན་ཚེ་སྲོག་གི་འཕར་ལྡིང་རེ་ཞིག་འཇགས་ན་འདོད་པ་ཡིན།

གང་ལྟར་ལོ་ཟླ་ནི་ཕྱིར་ལྡོག་མེད་པའི་གཙང་བོའི་རྒྱུན་ལ་འདྲེས་བ་བཞིན་ལྷ་སྒྲུང་ལྟ་བུའི་ངའི་བྱིས་དུས་ཀྱི་རྨི་ལམ་སྐད་ཅིག་ཏུ་རྫོགས་ཟིན་ལ།དེ་དང་མཉམ་དུ་ཕུགས་བསམ་ཞེས་བའི་དམིགས་འབེན་རྒྱུས་མེད་ཅིག་གི་དོན་དུ་ལ་འདུར་ལུང་འདུར་བྱེད་ཀྱིན་གདའ།

མིན།ཁྱོད་ནི་རྩྭ་ཐང་ཁོ་ན་རུ་ཆེས་ཞིམ་མངར་ལྡན་པའི་ཡན་ལག་བརྒྱད་ལྡན་དེ་ཡིན་པ་མ་གཏོགས།སྨད་ཀྱི་རྒྱ་མཚོར་ཐོན་ན་ཁྱོད་ནི་སྐྱུགས་བྲོ་བའི་རྫོབ་ཆུ་རྐྱང་རྐྱང་དང་ཚྭ་ཁུ་ཁ་བའི་རོ་ཆུ་འབའ་ཞིག་ལས་མེད་པས་ང་ཉིད་བརྗེད་པའི་རྒྱུ་མཚན་ཞིག་གང་ན་ཡོད།ཆུང་དུས་སུ་ཁྱོད་ངའི་ཕ་ཁྱིམ་གཡུ་གཞོང་འདྲ་བའི་པང་ཁུག་ནས་ཟེགས་མའི་མཆོངས་ལྡིང་གར་ལ་རྩེན་ནས་ནར་སོན་པ་བདེན་ན།ཁྱེད་ཀྱི་ཚེ་སྲོག་གི་རྒྱུ་བ་ཡུལ་འདིའི་སེམས་ཅན་ཡོད་རྒུའི་ཤ་གསེང་ལ་འཐིམ་པའི་རྣམ་ཤེས་ཀྱི་རྒྱུན་ཐག་ཡིན་ལ།གྲམ་གཞུང་གི་རྡོ་བ་རེ་རེའི་བློས་གཏོང་བྲལ་བའི་ཞེན་ཆགས་ཀྱང་ཡིན་སྲིད།འོ་ན་ངའི་བསམ་པར་འུ་གཉིས་ཀྱིས་བརྩེ་ཞེན་གྱི་སྐ་རགས་གཅིག་ཏུ་བསྡམས་པ་ལས།ཁྱོད་ཀྱིས་འདུན་མ་དང་རྨི་ལམ་ཟེར་ནས་མགོ་བོ་གངས་ལ་མི་ཕྱོགས་པའི་གནས་ལུགས་ཤིག་ཡེ་ནས་མེད།

འོ།རེད་དེ།ས་གཙང་རི་མཐོ་ཆུ་ནི་དྭངས་ཤིང་བསིལ།ནམ་མཁའ་གཡའ་དག་མཁའ་དབུགས་གཙང་ཞིང་ཞིམ།འཛམ་གླིང་མཛེས་བའི་གཙུག་རྒྱན་ཡུལ་གྲུ་འདི་མ་གཞི་ནས་རང་བྱུང་གི་མཛེས་ཆོས་དྲི་ཟའི་དགའ་ཚལ་དང་མཉམ་ཕྱིར།གནས་འདིའི་གདུལ་བྱ་དག་གིས་ཁྱོད་ཀྱི་ཡན་ལག་བརྒྱད་ལྡན་གྱི་ཡོན་ཏན་མ་མཐོང་བར་སེམས་ཀྱི་གཅེས་བ་རྒྱང་དུ་བོར་སོང་བས་ཨེ་ཡིན།གང་ལྟར་ཁྱོད་གང་ལ་བཞུད་ཀྱང་གངས་ཀྱི་གོང་བུ་ཞིག་དང་གང་ལ་ཐོན་ཡང་གངས་ཆུའི་ཟེགས་མ་ཞིག་ཡིན་པ་བསྙོན་དུ་མེད་ལ་བརྗེད་ཀྱང་ག་ལ་རུང་།

ཕྱིར་དྲན་ཞེས་པ་ནི་དབྱར་རྔ་ལྡིར་བའི་ཅི་ཞིག་གི་སྔ་ལྟས་ཡིན་པ་ལྟར།ངའི་དྲན་ངོགས་སུ་འདས་སོང་གི་སྦྲང་ཆར་ཤག་ཤག་བབས་ནས་ཕྱི་བརླན་ནང་བརླན་བྱས་འདུག།དེར་མ་ཟད་རླུང་འཚུབ་དང་དྲག་ཆར།ད་དུང་སྤྲིན་ནག་ལང་ལོང་འཁྲིགས་པའི་གསེབ་ནས་གློ་བུར་དང་གློ་བུར་གྱིས་མཆེད་པའི་གློག་ཞགས་འོད་འབར།གནམ་ས་འགེངས་བའི་འབྲུག་གི་ངར་སྐད།གནག་ཕྱུགས་ཀུན་འདར་བའི་ཕུང་བོ་བག་ལ་ཞ་ནས་སྒུར་སྒུར་དང་གུམ་གུམ་དུ་འདུག་ལ།ཨ་ནེ་དང་སྲི་མོའི་ཚོགས་ཀྱིས་ཨག་སྐད་ལྷང་ལྷང་ཀྱིས་སྦྲ་འདབས་དང་ལྷས་རའི་བར་ན་ཡར་རྒྱུགས་མར་རྒྱུགས་བྱེད།དེ་དག་ནི་ལོ་རྒྱུས་ཀྱི་གོད་ཆགས་ཁྲོད་འཐིམས་པའི་སྐྱོ་གར་གྱི་ལེའུ་ཞིག་ཐད་གཏོང་བྱས་པ་དང་འདྲ་ལ།དངོས་བྱུང་གི་གཏམ་རྒྱུད་དམར་པོ་ཞིག་གློག་བརྙན་དུ་བཅོས་པ་དང་ཡང་འདྲ།

དེ་མ་ཐག་ངའི་ལུས་ལ་གློ་བུར་དུ་དངངས་འཚབ་དྲག་པོས་བྲེད་ཤ་ཅིག་ཐོན་པ་དང་རི་གྲོང་གི་ཨ་མ་ཡིད་ལ་འཁོར།ཨ་མས་བཟོས་བའི་སྦྲ་རྒན་རོག་རོག་དང་དེའི་ཁ་ཚུབ་ལས་མཆེད་པའི་སྔོ་ཡུག་ཡུག་གི་དུ་བའི་བཟོ་ལྟ་ཡང་ཡང་ཡིད་ལ་འཁོར།དེ་ནི་ས་སྲོད་ཀྱི་ཉི་ནུབ་ལ་ཅེར་བའི་མིག་ཆུའི་བཞུད་ལམ་ཞིག་ཡིན་པ་འདྲ་ལ།ཡང་ན་དགུང་སྲོད་ཀྱི་མཚམས་སྤྲིན་ལ་རོལ་བའི་མོག་མོག་གི་འཛུམ་མདངས་ཤིག་ཀྱང་ཡིན་པ་འདྲ།གང་ལྟར་ངའི་དྲན་པའི་གཞུ་མོ་ཕྱི་རུ་གློད་དུས་མིག་གོང་ནས་མཆི་མ་ཧྲིག་ཧྲིག་འཛད་གྱིན་འདུག་ལ།ཁ་གཏད་དུ་སྡོད་པའི་གྲོགས་པོས་འཛུམ་ཤིག་ཤིག་ངང་ནམ་ཟླ་དགུན་ཁ་སླེབས་པས་གྲང་ངར་ལ་བཟོད་ཐབས་མི་འདུག་ཟེར།

3•3•2016ཉིན་གཡུ་གྲོང་ནས་བྲིས་པ་རེ་ཞིག་རྫོགས་པའོ།། “ཆོས་སྐྱོང་ཚེ་རིང་”ནས། “14ལོའི་ཡིག་བསྒྱུར་འཛིན་གྲྭ”