མི་རྟག་པ། དོ་ཤལ་ནས།

205/545

མཆོག་གསུམ་བྱིན་རླབས་སེམས་ལ་འཇུག་པར་ཤོག།།

ཚེ་སྔོན་མར་བསགས་པའི་ལས་ཀྱི་མཐུས།།

རྟེན་དལ་འབྱོར་མི་ལུས་རིན་ཆེན་བརྙེད།།

མགོན་བླ་མ་བཟང་པོའི་གྲོགས་དང་མཇལ།།

ཚེ་སྟོང་ཟད་མ་སོང་ཁྱེད་ཚོའི་དྲིན།།

ལས་མི་དགེ་ཟེར་བའི་བཙན་པོ་འདིས།།

ལུས་སེམས་ལ་སྡུག་བསྔལ་ཅི་སྟེར་ཡང་།།

ལྷ་ཐུབ་པ་སྤྱན་གཟིགས་འཇམ་རྡོར་སོགས།།

ཉམས་ཐག་པའི་སེམས་ཅན་ནད་ལས་སྐྱོབས།།

སྒྲ་བྱས་པའི་རྟགས་ཀྱིས་མི་རྟག་བསྒྲུབས།།

ལབ་དུ་བའི་རྟགས་ཀྱིས་མེ་ཡོད་བསྒྲུབས།།

གཞི་འདུན་ཀྱི་ཤ་ཟ་དཔེར་འཇོག་ཀྱང་།།

དཔེ་ཙམ་ལས་རང་ལ་བསམ་མ་མྱོང་།།

སེམས་བདག་མེད་སྒོམ་པར་འབད་བསམས་ཀྱང་།།

རང་སེམས་འདི་རྟག་འཛིན་ཆེ་བས་ཕོངས།།

ལུས་ན་ཟུག་བྱུང་པ་འདིའི་རྐྱེན་ཀྱིས།

ཚེ་འདི་ནི་རྩྭ་རྩེའི་ཟེིལ་བ་ལྟར།།

འཇིག་སླ་བར་ཤེས་པའི་ངེས་པ་བརྙེད།།

སེམས་འཁྲུལ་བ་སྒྱུ་མའི་གྲོང་ཁྱེར་ལ།།

ཡིད་གཏད་སོ་མེད་པར་གཅིག་པུ་འཁྱམས། །

ཚེ་ཕྱི་མར་སྤྲང་པོའི་ཁྱི་བཞིན་དུ།།

ག་འགྲོ་ལ་རང་དབང་ངང་གིས་ཤོར།།

ལས་ངན་པ་བསགས་པའི་འབྲས་བུ་ཡིས།།

ཚེ་ཕྱི་མའི་ལམ་སྟོན་བྱེད་པ་ན།།

ཡུལ་ངན་པའི་གནས་ལས་སྐྱོབས་ཤིག་ཀྱེ།།

མགོན་བླ་མ་ཡི་དམ་དཀོན་མཆོག་གསུམ།།

རྒྱ་ནག་མཆན་སྒྱུ་སྨན་ཁང་ནས་༢༠༡༩/༡/༢/ལ་ཕུལ།