བཀྲ་ཤིས་ཚེ་རིང་།

འབའ་ལུང་དེ་ཁྱུང་མཁར་རིང་མོ།། འབའ་ཕྲུག་དེ་དཔེ་ཁུག་ཁུར་ནི།། འབའ་བ་ཡི་ལྷ་སྡེ་དེ་ནས།། འབའ་བུ་ཁྱེད་ཕོ་རྒོད་འཚར་སོང་།།  སྐྱིད་སྡུག་དེ་ལ་ཐུར་མང་པོ།། ལོ་རྒྱུས་ཀྱི་རྐང་རྗེས་རེ་རེ།། རྡོ་བ་ལ་གཟུགས་བརྙན་བཀོད་བཞིན།། སེམས་དབུས་ན་ཇེ་གསལ་རེད་གོ། ཞེས་ཚིགས་བཅད་གཉིས་ཀྱིས་མདུན་བསུས་ཏེ། སྐབས་སུ་བབ་པའི་གཏམ། དུས་སུ་བབ་པའི་ཆར་ནི། འབའ་བཀྲ་ཤིས་ཚེ་རིང་ཡིན་ལ། འབའ་པ་བཀྲ་ཤིས་ཚེ་རིང་ལགས་ཀྱི་མཚན་དེ་ཐོས་སྐབས་བོད་ཀྱི་རིག་གནས་བ་ཚང་མས་ཁོང་ལ་དགའ་གུས་དང་བསྔགས་བརྗོད་མི་བྱེད་མཁན་ཕལ་ཆེར་མེད་ལ་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆོས་ཀྱི་རྒྱལ་མཚན་མཆོག་གིས། ཁོང་ལ་ཕྱག་བྲིས་ཤིག་གི་འགོ་བརྗོད་དུ། མཛའ་བརྩེ་ལྡན་པའི་བཀྲ་ཤིས་ཚེ་རིང་ཞེས་པ་དང་། བློ་མཐུན་བཀྲ་ཤིས་ཚེ་རིང་ཞེས་པ་སོགས་ཀྱིས་ཐུགས་མཐུན་གྱི་གསུངས་གཤིས་མང་ཙམ་གནང་ཡོད་ལ། དེ་བཞིན་དུ་ང་ཕོད་ངག་དབང་འཇིགས་མེད་མཆོག་གིས། མཁྱེན་དཔྱོད་འགྲན་བྲལ་རིང་ནས་ཐུགས་གཤིས་མཚུངས་མེད་ཀྲུའུ་རིན་སྐུ་གཞོན་ཞེས་གདེངས་འཇོག་མཐོན་པོར་གནང་ཡོད་ལ། དེ་བཞིན་དུ་གཟན་དཀར་མཆོག་སྤྲུལ་ཐུབ་བསྟན་ཉི་མ་མཆོག་གིས། གངས་ལྗོངས་བསྟན་འགྲོའི་དཔུང་གཉེན་བཀྲ་ཤིས་ཀྲུའུ་རིན་མཆོག་ཅེས་བསྔགས་བརྗོད་གནང་བར་མ་ཟད། རྒྱལ་ཕྱི་ནང་གི་མཁས་དབང་ཕལ་མོ་ཆེས་དགའ་གུས་དང་སྤུན་མཆེད་ལྟ་བུའི་བརྩི་མཐོང་གནང་ཡུལ་དུ་གྱུར།  ལྷག་པར་དུ་ཞིང་ཆེན་བོད་ཡིག་སློབ་གྲའི་དགེ་སློབ་ཚོས་ཁོང་ནི་བོད་ཀྱི་རིག་གནས་ཀྱི་བླ་སྲོག་སྐྱོབ་མཁན་གྱི་མི་སྣ་རླབས་པོ་ཆེ་ཞིག་ཏུ་བརྩིས་བཞིན་ཡོད་ཅིང་།  སྔོན་ཞིང་ཆེན་བོད་ཡིག་སློབ་གྲ་ནས་ཐེངས་དང་པོར་སློབ་མཐར་ཕྱིན་ཅིང་།  ད་ལྟར་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་ཐུབ་བསྟན་ཕུན་ཚོགས་ཀྱིས་འདི་འདྲའི་སྙན་ངག་དཔེར་བརྗོད་ཅིག་བྲིས་ཡོད་དེ།  ཁྲི་སྲོང་ལྡེ་བཙན་ལྷ་ལྡན་ཞོལ་དུ་སྟེ། བཀྲ་ཤིས་ཚེ་རིང་མདོ་ཁམས་འབའ་སྡེའི་གྲོང་།གཞན་དུ་བོད་ཀྱི་རིག་གནས་འཛིན་སྐྱོང་གི།  མཛད་རྗེས་འཕྲིན་ལས་འབྱེད་ཆོས་རྙེད་མ་ལགས། ཞེས་བཀོད་པའི་དོན་ནི་རིག་གནས་གསར་བརྗེའི་ལས་འགུལ་མཇུག་སྒྲིལ་རྗེས། ཏང་གི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྲིད་ཇུས་བཟང་པོའི་ཉི་གཞོན་སླར་ཡང་འཆར་སྐབས་འབའ་པ་བཀྲ་ཤིས་ཚེ་རིང་ལགས་ཀྱིས་སི་ཁྲོན་ཞིང་ཆེན་མི་རིགས་དོན་བྱེད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱི་འགན་བཞེས་སྐབས་བོད་ཀྱི་རིག་གནས་ཉམས་ཏེ་རྒྱུན་ཆད་པ་ལ་ཉེ་བའི་གནས་ཚུལ་ཚབས་ཆེན་ཡིན་པ་དགོངས་ནས་ཁོང་གིས་བོད་ཀྱི་སྲོལ་རྒྱུན་རིག་གནས་མི་ཉམས་གོང་སྤེལ་དུ་གཏོང་བའི་ཆེད་དུ་རང་ཉིད་ཀྱིས་བོད་ཀྱི་རིག་གནས་ཤེས་པ་དང་། བོད་ཀྱི་རིག་གནས་ལ་དགའ་བ།  བོད་ཀྱི་རིག་གནས་དར་སྤེལ་གཏོང་བའི་དབང་ཆ་ཡོད་པས་ནུས་ཤུགས་ཡོད་དགུ་རྩལ་སྤྲུགས་གནང་ནས་སྤྱི་ལོ་༡༩༨༡ལོར་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་འཛུགས་རྒྱུར་གོང་རིམ་ལ་ཆོག་མཆན་ཞུས་པ་དང་ཆབས་ཅིག ཁམས་ཕྱོགས་ཀྱི་ཞིང་འབྲོག་གི་སོ་ནམ་པ་དང་རྫི་བོའི་ཁྲོད་དུ་ལུས་ཡོད་པའི་བོད་ཡིག་རྨང་གཞི་ཅུང་བཟང་བའི་སློབ་མ་བརྒྱད་ཅུ་ལྷག་ཙམ་བསྡུས་པ་དང་།  ཁོང་དང་གཟན་དཀར་རིན་པོ་ཆེ་སོགས་ཀྱི་འབད་བརྩོན་ཆེན་པོ་གནང་ནས་མཁས་པ་རྙིང་པ་ཁག་གཅིག་བཙལ་ནས་དགེ་རྒན་དུ་གདན་འདྲེན་ཞུས་ཏེ་རྫོགས་ཆེན་དུ་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་དངོས་སུ་དབུ་བཙུགས།  དེ་ནས་བཟུང་སློབ་གྲ་དེས་དཀའ་ངལ་མང་པོ་ཞིག་བརྒྱུད་ནས་སྔོན་རྗེས་སུ་མགར་ཐར་དང་རྟའུ།  དེ་རྗེས་དར་མདོ་རུ་སྡོད་གནས་གཏན་འཇགས་བྱུང་ཞིང་ད་བར་བོད་ཀྱི་རིག་གནས་རྒྱུན་འཛིན་པ་མི་སྣ་ཆིག་ཁྲི་ལྷག་ཙམ་གསོ་སྐྱོང་བྱས་ནས་བོད་ཀྱི་སྲོལ་རྒྱུན་རིག་གནས་ཉམས་གསོ་བྱེད་པར་ཕན་འབྲས་བླ་ཆེ་བར་ཐོབ་ཅིང་། ད་ལྟ་བོད་ཁམས་ཡོངས་ཀྱི་ལས་རིགས་སོ་སོའི་ལས་རྐང་ཐོག་བོད་ཡིག་སློབ་གྲའི་སློབ་མས་ཁྱབ་ཚད་མཐོན་པོར་གྱུར། སྨྲས་པ། བོད་ཤེས་ཀྱི་མེ་རོ་གསོ་ཕྱིར།།  བོད་ཕྲུག་དེ་ཕྱོགས་བསྡུས་བྱས་ཏེ།།བོད་པ་ཡི་མཁས་རྒན་རྣམས་དང་།།  བོད་ཁུལ་དུ་འཛོམས་པར་བྱས་སོང་།།  སློབ་གྲྭ་ཡི་བསྟན་པའི་ཆེད་དུ།། ས་མཐོ་དང་གྲང་ངར་ཆེ་རུང་།། ཁྱེད་སྐུ་ནི་དངོས་སུ་ཕེབས་ཏེ།།  སྐུ་ཚེགས་དང་འོ་བརྒྱལ་གནང་སོང་།།

སྤྱི་ལོ་༡༩༨༢ལོར་གེ་སར་ཞིབ་འཇུག་གཞུང་ལས་ཁང་བཙུགས་པ་དང་། དེ་ནས་བཟུང་སྤྱིར་གེ་སར་གྱི་རིག་གནས་དང་། བྱེ་བྲག་ཏུ་བོད་ཀྱི་རིག་གནས་སོ་སོའི་བསྟན་པ་དར་བ་དང་། འཕེལ་རྒྱས་ཀྱི་གཞི་རྐང་ཚུགས་པ་ལ་ཡང་ཕན་ཐོགས་ཆེན་པོ་བྱུང་། སྨྲས་པ། གེ་སར་ལ་ཞིབ་འཇུག་བྱས་ཏེ།། རིག་གནས་ཀྱི་རྩ་བ་བཙུགས་ནས།། ཤེས་རིག་གི་ལོ་འདབ་རྒྱས་ཏེ།། གྲུབ་འབྲས་ཀྱི་མེ་ཏོག་བཞད་སོང་།།

བོད་ཡིག་སློབ་གྲ་མ་བཙུག་པའི་སྔོན་གྱི་༡༩༧༨ལོར་ཀྲུང་དབྱང་གི་ཐུགས་ཁུར་འོག《བོད་རྒྱ་ཚིག་མཛོད་ཆེན་མོ་》རྩོམ་སྒྲིག་གི་ལས་དོན་དེ་བསྐྱར་དུ་འགོ་ཚུགས་ཤིང་། ཁྲེང་ཏུའུ་རུ་རྩོམ་སྒྲིག་ལས་དོན་གྱི་ཚོགས་འདུ་འཚོགས་ཏེ་སྐབས་དེའི་སི་ཁྲོན་ཞིང་ཆེན་མི་རིགས་དོན་བྱེད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཀྲ་ཤིས་ཚེ་རིང་ལགས་འགོ་ཁྲིད་ཚོ་ཆུང་གི་ཚོགས་གཙོ་རུ་བསྐོ་བཞག་བྱས།  ཁོང་གིས་རྒྱ་བོད་ཀྱི་མཁས་ཆེན་ཀྲང་དབྱི་སུང་དང་།  ཀྲུའུ་ཝེ་ཧན།  ཐུབ་བསྟན་ཉི་མ།  ཉན་ཤུལ་མཁྱེན་རབ་འོད་གསལ། རྡོ་རྗེ་རྒྱལ་པོ་སོགས་མཁས་དབང་མང་དག་གདན་འདྲེན་ཞུས་ནས་རྩོམ་སྒྲིག་གི་ལས་དོན་ལ་འགོ་ཁྲིད་གནང་སྟེ་མཐར་༡༩༨༤ལོར་ཁྱོན་བསྡོམས་ཐ་སྙད་ལྔ་ཁྲི་སུམ་སྟོང་ལྷག་ཙམ་འདུས་པའི་《བོད་རྒྱ་ཚིག་མཛོད་ཆེན་མོ་》པོད་གསུམ་ཅན་དེ་དངོས་སུ་ལེགས་པར་གྲུབ་ནས་པར་དུ་བསྐྲུན་པས་རྒྱ་བོད་ཀྱི་རིག་གནས་པ་ཚོའི་དགའ་བསུ་ཆེན་པོ་ཐོབ།  སྨྲས་པ།  བོད་རྒྱ་དེ་ཚིག་མཛོད་ཆེན་མོ།། རྩོམ་སྒྲིག་གི་འགོ་འཛིན་མཛད་པས།། ཚིག་མཛོད་ཀྱི་འཕྲིན་ལས་རྒྱས་ནས།།  ཤེས་རིག་གི་བླ་སྲོག་གྱུར་ཡོད།།

༡༩༨༧ལོར་ཀྲུང་གོ་བོད་ཀྱི་ཤེས་རིག་ཞིབ་འཇུག་ལྟེ་གནས་ཀྱིས་ཁྲེང་ཏུའུ་རུ་བཀའ་བསྟན་དཔེ་སྡུར་ཅུས་བཙུགས་ཤིང་། གོང་རིམ་གྱིས་བཀྲ་ཤིས་ཚེ་རིང་གིས་ཅུས་ཀྲང་གི་ལས་འགན་བཞེས་དགོས་པའི་བཀའ་གནང་། བཀྲ་ཤིས་ཚེ་རིང་ལགས་ཀྱིས་ཀྱང་ལས་དོན་དེ་ནི་རང་རྒྱལ་གྱིས་བོད་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་གནའ་དཔེ་སྲུང་སྐྱོང་བྱ་བའི་ཐད་ཀྱི་དོན་ཆེན་ཞིག་ཡིན་པ་དགོངས་ནས་བོད་ཁུལ་གྱི་མཁས་དབང་མང་དག་གདན་འདྲེན་ཞུས་ཏེ་ས་གནས་སོ་སོའི་བཀའ་བསྟན་པར་མ་དང་བྲིས་མ་ལྷག་ལུས་མེད་པར་འཚོལ་སྡུད་གནང་ནས་བཀའ་བསྟན་དཔེ་སྡུར་གྱི་ལས་ཀའི་འགོ་བརྩམས། ༡༩༩༥ལོའི་ཟླ་༣པའི་ཚེས་༩ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་བསྟན་འགྱུར་དཔེ་སྡུར་མའི་ཐོག་མའི་འགྲེམས་སྤེལ་གྱི་མཛད་སྒོ་སྤེལ་ནས་དེབ་དང་པོ་དངོས་སུ་པར་སྐྲུན་བྱས་པས་ཏང་དང་རྒྱལ་ཁབ་ཀྱི་དབུ་ཁྲིད་རྣམ་པས་ཚད་མཐོན་པོའི་བསྟོད་དབུ་ཁྲིད་རྣམ་པས་ཚད་མཚོན་པོའི་བསྟོད་བསྔགས་ཐོབ་པ་དང་། ལས་དོན་དེར་ཐུགས་འཁུར་རྒྱབ་སྐྱོར་ཚད་མེད་ཐོབ་ཅིང་།  རྒྱལ་ཁབ་ཀྱིས་ལས་དོན་དེའི་འགྲོ་གྲོན་སྒོར་ཁྲི་བརྒྱ་ཚོ་མང་པོ་བཏང་ཟིན།  ཧ་ལམ་ལོ་ངོ་ཉི་ཤུའི་རིང་དུ་དཔེ་སྡུར་ལས་དོན་པ་ཡོངས་ཀྱི་འབད་བརྩོན་འོག་《བསྟན་འགྱུར།》གྱི་རིན་ཐང་ལྡན་པའི་མ་དཔེ་ཁག་༤དང་། 《བཀའ་འགྱུར》གྱི་མ་དཔེ་ཁག་༨དང་བྲིས་མ་ཁག་༤བཅས་དཔེ་སྡུར་བྱས་ཟིན་པ་དང་།  པར་སྐྲུན་གྱི་བྱ་བ་ཡང་མཇུག་རྫོགས་པ་རེད། སྨྲས་པ། སྟོན་དང་དེ་འཛིན་གྱི་སྐྱེས་ཆེན།། ཞལ་གསུངས་བདུད་རྩི་ཡི་སྨན་མཆོག། བཀའ་བསྟན་གྱི་གླེགས་བམ་དེ་ཚོ།། སྒྲིག་ཞུས་ཀྱི་འགོ་འཛིན་མཛད་སོང་།། བཀའ་བསྟན་གྱི་ཞུ་དག་བྱེད་སྐབས།། བོད་ཕྲུག་ཚོ་མང་པོར་བསྡུས་ནས།། སློབ་སྦྱོང་གི་གོ་སྐབས་སྤྲད་དེ།། མཐོང་རྒྱ་དང་ཐོས་རྒྱ་བསྐྱེད་སོང་།། བསམ་པ་བཞིན་ལག་ལེན་བྱེད་ནི།། ལག་ལེན་དེ་འགྲུབ་སྟངས་ལ་བལྟས་ན།། འཕྲིན་ལས་ལ་རང་དབང་འབྱོར་བའི།། སྐྱེས་ཆེན་ཞིག་ཡིན་ནི་གོ་བྱུང་།།

ཁོང་གིས་ལས་དོན་ལ་ཐུགས་ཁུར་བཞེས་ཏེ། ལས་རིམ་ཁྲོད་ཀྱི་ཐོབ་ཐང་གི་རྐང་རྗེས་འཇོག་སྟངས་ནི།   སྤྱི་ལོ་༡༩༤༩ལོར་ཏང་ནང་དུ་ཞུགས་པ་དང་། གསར་འགྱུར་ཁང་གི་རྩོམ་སྒྲིག་པ་གཙོ་བོ་དང་། དཀར་མཛེས་ཁུལ་དྲིལ་སྒྲགས་པུའུ་ཀྲང་། དཀར་མཛེས་ཁུལ་ཧྲུའུ་ཅིན་གཞོན་པ། ལི་ཐང་རྫོང་ཨུའི་ཧྲུའུ་ཅིན། མི་རིགས་དོན་གཅོད་ཁང་གི་འགོ་ཁྲིད། ཞིང་ཆེན་མི་དམངས་རྒྱུན་ལས་འཐུས་མིའི་ཀྲུའུ་རིན་གཞོན་པ། ཀྲུང་གོ་བོད་ཀྱི་ཤེས་རིག་ཞིབ་འཇུག་ཁང་གི་ལས་འཛིན་གཞོན་པ། བཀའ་བསྟན་དཔེ་བསྡུར་གྱི་འགན་གཙོ་བཞེས་པ་རེད། སྨྲས་པ།  བལྟས་ན་ནི་སོས་དལ་བག་ཕེབས།། བྱ་བ་ནི་རླབས་ཆེན་འགྲུབ་ནི།། རྒས་ན་ཡང་ངལ་གསོ་མེད་ནི།། འཕྲིན་ལས་ཀྱི་སྤྲུལ་བ་རང་རེད།།

སྤྱི་ལོ་༡༩༦༣ལོར་པེ་ཅིན་མི་རིགས་དཔེ་སྐྲུན་ཁང་དུ་པེར་ཧང་དང་། ཕུན་ཚོགས་བཀྲ་ཤིས།གསུང་རབ་རྒྱ་མཚོ། དགེ་རྡོ་རྗེ་རྒྱལ་པོ་བཅས་མཉམ་དུ་མའོ་ཙེ་ཏུང་གི་གསུང་རྩོམ་དེབ་བཞི་པ་བསྒྱུར་བ་དང་། སྤྱི་ལོ་༡༩༧༨ལོར་བོད་ཀྱི་ཟློས་གར་འཁྲབ་ཚན་རྩ་འཛུགས་བྱས་པ་རེད།། ཁྱད་པར་དུ་སྤྱི་ལོ་༡༩༧༨ལོར་བོད་རྒྱ་ཚིག་མཛོད་ཀྱི་སྒྲིག་མགོ་བཞག་པ་དང་། སྤྱི་ལོ་༡༩༨༢ལོར་གེ་སར་ཞིབ་འཇུག་གཞུང་ལས་ཁང་བཙུགས་པ། སྤྱི་ལོ་༡༩༨༡ལོར་སི་ཁྲོན་ཞིང་ཆེན་བོད་ཡིག་བོད་སློབ་གྲ་བཙུགས་པ། ༡༩༨༧ལོར་བཀའ་བསྟན་དཔེ་སྡུར་གྱི་བྱ་བར་བྱས་པར་སོགས་རླབས་ཆེ་བའི་མཛད་རྗེས་བཞི་ཞེས་ཡོངས་གྲགས་སོ།། སྨྲས་པ། གླང་ཆེན་དེ་མཚོ་ལ་འཇུག་འདྲ།། མི་རིགས་ཀྱི་རིག་གནས་བསམ་ནས།། འགན་ཁུར་དེ་རབ་ཏུ་ལྕི་རུང་།། དགའ་བ་དང་སྤྲོ་བས་འཇུག་སོང་།། ཞི་དུལ་གྱིས་ལྷོད་ལ་བབ་རུང་།། སྙིང་སྟོབས་ཀྱིས་ཕོད་པ་ཆེ་ཞིང་།། དོན་ལྡན་གྱི་བྱ་བ་སྒྲུབ་དུས།། ལྡོག་མེད་ཀྱི་མདུན་བསྐྱོད་དཔའ་བོ།། རླབས་ཆེན་གྱི་ལས་ལ་འཇུག་ཅིང་།། གྲུབ་འབྲས་དེ་ཅི་ཙམ་ཆེ་རུང་།། ང་རྒྱལ་གྱི་མགོ་འཕངས་དམའ་ཞིང་།། བོད་དྲི་དེ་འཐུག་པོར་བྲོ་བྱུང་།།

མདོར་ན་ཁོང་གི་མི་ཚེ་ཧྲིལ་པོར་གཞན་དོན་ཁོ་ནའི་ལས་ལ་དགྱེས་ཤིང་དུས་འདའ་སྟེ་སྤྱི་ལོ་༢༠༠༨ལོའི་ཟླ་༦ཚེས་༡༤དུས་ཚོད་༣དང་སྐར་༡༠ལ་སྐུ་ཚེའི་འདུ་བྱེད་ཀྱི་དགོངས་པ་ཞི་བ་ཆོས་དབྱིངས་སུ་བསྡུ་བའི་ཚུལ་སྟོན་ཏོ། མདོ་དབུས་ཁམས་གསུམ་གྱི་བོད་ཀྱི་རིག་གནས་པ་ཡོངས་ཀྱིས་སྐུ་ཞབས་བཀྲ་ཤིས་ཚེ་རིང་ལགས་ཀྱི་མི་ཚེ་ནི་འོད་སྟོང་འབར་བའི་མི་ཚེ་ཞིག་ཡིན་པར་ངོས་འཛིན་གང་ལེགས་གནང་བཞིན་ཡོད་ལ། མེས་རྒྱལ་ལ་ཞབས་ཕྱི་ཞུ་མཁན་གྱི་གཙོ་བོ་མི་རིགས་ཀྱི་དཔའ་བོ་ཁོ་ན་ཡིན་སྟབས་མདོ་དབུས་ཁམས་གསུམ་གྱི་བོད་ཀྱི་རིག་གནས་པ་ཡོངས་ཀྱིས་སྐུ་ཞབས་བཀྲ་ཤིས་ཚེ་རིང་ལགས་ཀྱི་མི་ཚེ་ནི་འོད་སྟོང་འབར་བའི་མི་ཚེ་ཞིག་ཡིན་པར་ངོས་འཛིན་གང་ལེགས་གནང་བཞིན་ཡོད་ལ་ཁོང་ནི་ང་ཚོའི་སེམས་ནང་གི་མི་ནུབ་པའི་ཉི་མ་ཞིག་ཏུ་གྱུར་ནས་བོད་ཀྱི་རིག་གནས་དེ་འཛམ་གླིང་ཡོངས་ལ་ཁྱབ་སྤེལ་བྱས་ཏེ་ཁོང་གིས་ཐུགས་བཞེད་མཐའ་དག་འགྲུབ་ཐུབ་པའི་སྨོན་འདུན་ཞུ། སྨྲས་པ། འབའ་ལུང་དེ་ཆོས་སྡེ་དགོན་འགྲམ།། ལུང་རིགས་ཀྱི་གཤོག་རྩལ་རྒྱས་ནི།། མཁྱེན་ཡངས་ཀྱི་བྱ་ཁྱུང་ངོ་མ།། བྱ་རྒྱ་ཡི་དེད་དཔོན་གྱུར་སོང་།། གྲོགས་ལ་ནི་བརྩེ་བས་སྐྱོང་བ།། ཕྱི་ཐག་དེ་ཧ་ཅང་རིང་སྟབས།། སྐྱེས་ཆེན་དེ་ཞིང་ལ་གཤེགས་དུས།། མིག་ཆུ་ཡི་མཆོད་པ་ཕུལ་ཡོད།། ཁ་བཤད་ཀྱི་ལོ་མ་ཉུང་ལ།། ལག་ལེན་གྱི་འབྲས་བུ་མང་བ།། ཁྱེད་སྐུ་ཡི་དཔག་བསམ་ལྗོན་པ།། གངས་ལྗོངས་ཀྱི་ཞིང་སར་སྨིན་སོང་།། གོ་ས་དེ་མཐོ་ཙམ་ཡོད་རུང་།། ལས་དོན་ལ་ཧུར་ཐག་མཛད་པས།། མི་དམངས་ལ་ཞབས་འདེགས་ཞུ་བའི།། མིང་དོན་ནི་མཚུངས་པའི་དབུ་ཁྲིད།།  དགེའོ།།   །།

© 2019 ལུག་ཚང་དཔལ་ཡོན། . Powered by WordPress. Theme by Viva Themes.