ཕྱི་ལོ༢༠༡༨ལོའི་ཕྱིར་མིག་དང་མནོ་བསམ། ལྡོང་སྲས་ཨ་བྷེ།

196/545

ཕྱི་ལོ༢༠༡༨ལོ་འདིའང་། སྔར་འདས་ཀྱི་ལོ་ཟླ་དེ་དག་དང་འདྲ་བར་ང་ཚོའི་མགོ་ཐོག་ནས་གློག་འཁྱུག་པ་ལྟར་རྒྱང་དུ་བྱེར། དེ་ནི་དངོས་གནས་རྨི་ལམ་ཞིག་རྨིས་ཏེ་མཇུག་རྫོགས་པ་དང་ཅི་འདྲའི་མཚུངས། ལོ་འདིར་ཡང་སྔར་བཞིན། ཚུལ་འཆོས་དང་དམིགས་མེད་རིང་དུ་སྤངས་ཤིང་དུས་ཚོད་ཀྱི་འདུ་ཤེས་སྲོག་ཏུ་སྒོམ། གཟབ་ནན་དང་འགན་ཁྲི་ཡོད་པའི་ངང་། དུས་ཚོད་ལྟར་ལས་ཚོགས་སུ་ཞུགས། དུས་ཚོད་ལྟར་ལས་ཚོགས་ལས་གྲོལ། དེ་ནི་རང་གི་རྩ་དོན་ཞིག་ཏུ་ཆགས། ངས་གྲོགས་པོ་ཞིག་ལ་ཡང་། “རྩ་དོན་མེད་པའི་མི་ནི་དམའ་རིམ་སྲོག་ཆགས་དང་འདྲ་བོ་འདུག”ཅེས་ཀུ་རེ་བྱས་པ་ཡིན།

ང་ཡི་ཕྱི་ལོ༢༠༡༨ལོ་ནི། ཅུང་དམིགས་བསལ་གྱི་ལོ་ཟླ་ཞིག་ཏུ་བརྩིས་ཆོག་སྟེ། གཞུང་སྒེར་གཉིས་ཀྱི་ལས་ཀ་དང་འཚོ་བའི་གནོན་ཤུགས་ཀྱི་འོག་ཏུའང་མིའི་རིགས་ཀྱི་བསམ་བློའི་འཚོ་བཅུད་དུ་སྨན་པའི་དཔེ་དེབ་གང་འཚམ་རེ་བཀླགས་ཤིང་། དེའི་ཁྲོད་ཀྱི<<སྤྲིན་དཀར་ལམ་རྙིང>>ལས་མིའི་དབང་བོ་ཆེན་པོ། བདག་ཅག་གི་སྟོན་པའང་མིའི་གཟུགས་སུ་མཇལ་ཞིང་དད་སེམས་ཀྱི་སྤུ་ལོང་སྤྲིན་ལྟར་གཡོ་བར་བྱས། འདི་ནི་ཕྱི་ལོ༢༠༡༨ལོའི་དཔེ་ཀློག་གི་རྟེན་འགྲེལ་བསྒྲིགས་པའི་ཐོག་མའང་ཡིན། གཞན་དུ་སློབ་ཆེན་གྱི་སྐབས་སུ་ཅུང་ཙམ་བཀླགས་ཀྱང་ཧ་མ་གོ་བར་ཕམ་ཁ་བྱུང་བས། རང་སོར་བཞག་ཡོད་པའི་གྲགས་རྩོམ་ཞིག་སྟེ། སྒྱུ་འཕྲུལ་དངོས་ཡོད་རིང་ལུགས་པའི་ཚབ་མཚོན་དུ་བགྲངས་བ། རྩོམ་རིག་གར་སྟེགས་སྟེང་གི་ས་འགུལ་དུ་འབོད་པ། གྷ་ཞིས་ཡ་མ་ཁི་སིའི<<ལོ་བརྒྱའི་ཁེར་ཧྲེང>>(百年孤独)ལ་ཐེངས་གཉིས་པ་མཇལ། ཡིན་ནའང་། མི་སྣ་མང་བ་དང་མིང་འདྲ་བ། བྱུང་རིམ་རྙོག་འཛིང་ཆེ་བ། གོ་དོན་གཏིང་ཟབ་པ་སོགས་ཀྱི་དབང་གིས་སྔར་བཞིན་བརྩམས་ཆོས་གང་དེའི་དགོངས་གཞི་བཀྲོལ་ཐབས་བྲལ། གཞན་ཀློག་འགྲེལ་དང་བཀླགས་ཚོར་སོགས་དུ་མ་མཐོང་བ་དེས། རྔོ་ཨེན་ཙམ་ཐོགས་པ་བྱུང་མོད། སྔར་བཞིན་མག་མོག་དང་རབ་རིབ་ཅིག་ལས་མ་འདས། ཕྱི་གླིང་གི་རྩོམ་པ་པོ་ཕུའུ་ཞིས་ཅིན་དང་། དགྱ་ནག་གི་ཨོ་དབྱངས་ཅང་ཧིག བོད་ཀྱི་སྐྱབས་ཆེན་དང་། ལྷ་བྱམས་རྒྱལ། འགྱན་སངས་སོགས་ཀྱིས་མཚོན་པའི་ཕྱི་ནང་གི་རྩོམ་པ་པོ་སྐོར་ཞིག་གི་བརྩམས་ཆོས་ཀྱང་། ངལ་གསོའི་སྐབས་སུ་ཨ་རག་བརྟེན་པ་ལྟར་བྱས་ཏེ་། ད་ནི་བག་ཆགས་ཀྱི་ས་འཛིན་ངོས་སུ་ཁ་བ་ལྟར་སམ་སིམ་ཆགས།

ང་ཡི་ཕྱི་ལོ༢༠༡༨ནི། བརྙན་གཟུགས་རྩོམ་རིག་ལ་ཡང་ཅུང་ཉེ་རུ་བཅར་བའི་ལོ་ཟླ་ཞིག་ཡིན། འཁྲབ་ཚན་བདུན་ཅུ་དོན་གསུམ་གྱི་བདག་ཉིད་ཅན། <<ཕུར་སྐྱབས>>ཞེས་པའི་འཁྲབ་གཞུང་ཞིག་ཏུ་ང་ཚོའི་བསམ་པའི་རིག་གནས་འདུ་ཤེས་དང་འཚོ་བའི་གནས་བབས། སྤྱི་ཚོགས་ཀྱི་བརྡབ་གསིག་སོགས་གཞོན་ནུ་སློབ་ཆེན་པ་ཞིག་གི་ལས་དབང་ལ་བརྒྱུས་ཏེ་བྲིས་ཤིང་། རྒྱལ་ཡོངས་ཁྱུང་རུ་རྟགས་མའི་སྐད་གཉིས་འཁྲབ་གཞུང་འགྲན་བསྡུར་གྱི་ཁྲོད་དུ་ཕུལ། དེ་ནི་ཆུ་ལ་གཡུགས་པའི་རྡོ་བ་བཞིན་གྲག་མེད་འགུལ་མེད་དུ་གྱུར། དེ་ལྟ་ནའང། ཨ་རབ་ཀྱི་གློག་བརྙན་འཁྲབ་ཁྲིད་པ་ཨ་པ་སི་ལགས་ཀྱི<<དབུགས་ལྒང་དཀར་པོ>>(白气球)དང་། པེ་ཉེ་ཉེའི<<མཛེས་སྡུག་གི་མི་ཚེ།>> (美丽人生)ཅིན་ཅེས་ཏིའི<<དུས་ཚོད།>> (时间) བང་ཅ་བེའི<<ཨ་ཧྥེས་རྣམ་ཐར>>(阿飞正传)སོགས་གཙོས་ཏེ། སྒྱུ་རྩལ་གློག་བརྙན་འབེལ་ཙམ་ཞིག་ལྟ་བའི་གོ་སྐབས་རྙེད་ཅིང་། སྒྱུ་རྩལ་ནི་སྦྱངས་སྟོབས་ཀྱི་ཡོན་ཏན་དང་། ལྷན་སྐྱེས་ཀྱི་རིག་མཐུ་ལས་འཁྲུངས་པའི་གསར་གཏོད་ཅིག་ཡིན་པ་ལས། ཤེས་དམན་དང་འོལ་ཚོད་ལས་བསྐྱེད་པའི་འབྲས་བུ་ཞིག་མིན་པ་སླར་ཡང་ངོས་ཟིན་པར་བྱས། <<སྦས་པའི་སྐར་ཆེན>>(神秘巨星)དང་། <<རྒྱུག་མགོའི་མཚམས་ཐིག>>(起跑线) << དགེ་རྒན་ཨིག་ཀ་མ>>(嗝嗝老师)སོགས་ཧིན་རྡུའི་ཚོང་རའི་གློག་བརྙན་དེ་དག་ལ་བལྟས་པས་ཀྱང་། ང་ཚོའི་བར་གྱི་ཞིབ་བུའི་ལག་རྩལ་དང་རིག་པའི་སྟེང་གི་བརྡ་སྤྲོད་སྟངས་མ་ཟད། ང་ཚོའི་འཆར་ཡན་དང་བློ་གྲོས་ཀྱི་བར་དུའང་། ནམ་མཁའི་དགུ་ཚིགས་ཀྱིས་ཆོད་པ་ར་སྤྲོད་བྱུང་།

ང་ཡི་ཕྱི་ལོ༢༠༡༨ནི། ཁེར་རྐྱང་དང་བརྩེ་དུང་གི་སྨུག་པ་ཅུང་སངས་ཤིང་། འཁྱམ་སྐྱོད་ཀྱི་འགྲུལ་བཞུད་མཇུག་བརྫོགས་ཏེ། མི་ཞིག་ལ་ཡོད་འོས་པའི་གནས་ཚང་དང་འཚོ་བ་ཡོད་པར་གྱུར། དེ་དང་མཉམ་དུ་སྐྱེས་པ་ཞེས་འབོད་པའི་ཐ་སྙད་ཅིག་གིས་ཐེག་དགོས་པའི་འགན་འཁྲི་དང་འོས་འགན་ཡང་འདེགས་དགོས་པར་གྱུར། རྩོམ་པ་པོ་ལྷ་བྱམས་རྒྱལ་གྱིས<<བོད་པ་ཞིག་གི་མིག་ནང་གི་ཉི་ཧོང>>ཞེས་པའི་ལྷུག་རྩོམ་དེའི་ནང་དུ་འདི་ལྟར་བྲིས་ཡོད་པ་དྲན། “སྐྱེས་པ་དག་གི་བློ་རིག་དང་སྙིང་སྟོབས་ཀྱིས་ཁྱིམ་མི་སྐྱོང་ལ་ཕ་རོལ་དགྲ་བོ་འགོག ཉི་ཧོང་གི་གྲོང་ཁྱེར་དག་ལ་བསྐྱོད་དུས་ངས་ཉི་ཧོང་གི་སྐྱེས་པ་དག་ནི་ཇི་འདྲའི་འཇོན་ཐང་ཅན་ཏག་ཏག་རེད་སྙམ་བྱུང་། ཁོ་ཚོས་ཁོར་ཡུག་དང་། བཟོ་བཀོད། སྲང་ལམ། ཐ་ན་ཡུར་ཆུ་ཞིག་ཡིན་ཡང་། སྤུས་དག་ཅིང་སྙིང་དུ་སྡུག་པ་རྐྱང་རྐྱང་བཟོས་འདུག་ལ། གྲོང་ཁྱེར་ཇི་འདྲ་ཆེ་ན་ཡང་ག་ས་གང་དུ་ཁྱིམ་གཞིས་དྲོན་མོའི་སྣང་བ་འགོག་མེད་དུ་སྤྲད་ཡོང་། དེ་དང་བསྡུར་ན། རང་ཅག་བོད་པའི་སྐྱེས་པ་དག་ནི་ཅི་འདྲའི་ནུས་མེད་འཇོན་ཞན་ཅན་ཞིག་རེད་ཨང་།” དངོས་གནས་འོ་སྐོལ་གྱི་སྐྱེས་པ་ཕལ་ཆེ་བ་ནི་ནུས་མེད་དང་འཇོན་ཞན་ཏག་ཏག་ཡིན་སྟབས། མི་ཞིག་ལ་ཡོད་འོས་པའི་དུས་ཚོད་ཀྱི་འདུ་ཤེས་དང་རྩ་དོན་ཕར་ཞོག ཐ་ན་རང་དོན་རྣལ་མ་ཞིག་འཁྱོང་མཁན་ཡང་ཧ་ཅང་ཉུང་ཉུང་ཡིན་པས། ངའང་ཕལ་ཆེར་ཉུང་ཉུང་དེའི་གྲས་ཀྱི་གཅིག་ཏུ་ངེས། “ང་ཚོས་རང་གི་ཁྱིམ་བཟའ་ཚང་དང་། འཚོ་གནས་ཁོར་ཡུག་ལ་བདག་སྐྱོང་བྱེད་ཐུབ་ཡོད་དམ། ལོ་རྒྱུས་ཡར་དེད་ནའང་དེ་འདྲ་མར་དེད་ནའང་དེ་འདྲ”ཞེས་བྲིས་འདུག་པ་ལས་མ་འདས། འོན་ཏེ། ངས་ནི་འཚོ་བའི་ཁྲོད་དུ་རང་ཉིད་མི་འབོར་བ་དང་། རང་ཉིད་ཀྱི་མདུན་དུ་འཚོ་བ་མི་འབོར་བ་ཙམ་བྱས་ཏེ་ཕྱི་ལོ༢༠༡༨ལོ་ཕར་ལ་བསྐྱལ།

ང་ཡི་ཕྱི་ལོ༢༠༡༨ནི། སྔར་བཞིན་གསར་རྩོམ་གྱི་ཕྲེང་ཐག་མ་ཆད་པའི་ལོ་ཟླ་ཞིག་སྟེ། <<གཅེས་ཕྲུག>>དང་། <<༡༡༧མལ་ཁང>>ཞེས་བཏགས་པའི་སྒྲུང་ཐུང་གཉིས་དང་ལྷུག་རྩོམ་གསུམ། བསྒྱུར་རྩོམ་འགའ། སྙན་ངག་དུ་མ་ཞིག་བཅས་བྲིས་ཏེ<<སྦྲང་ཆར>>དང<<གངས་རྒྱན་མེ་ཏོག>> <<མང་ཆུ>>སོགས་གཞུང་གི་དུས་དེབ་འགར་བསྐུར་ཡང་། <<མང་ཆུ>>ལས་གཞན་དག་ནི་སྟོང་བའི་དབྱིངས་སུ་འུར་རྡོ་འཕངས་པ་བཞིན་བྲག་ཅ་ཙམ་ཡང་ཐོས་རྒྱུ་མེད་པར་གྱུར། ཞར་ལ་གཞས་ཚིག་གཉིས་བྲིས་ཤིང་། སོ་སོར་གཞས་པ་གཞས་མ་གང་དེའི་གླུ་ངག་གི་མགྲིན་སྒོ་ལས་ཕྱིར་ཐོན་ཏེ་སྒང་བ་བོད་པའི་གླུ་གཞས་སྒྱུ་རྩལ་གྱི་བང་མཛོད་དུ་འཐིམ། འོན་ཏེ། ཕྱི་ལོ༢༠༡༨ལོར། ཡར་སྔོན་གསར་རྩོམ་དང་རིག་གནས་དགག་བཞག་ལ་བྲོད་ཅིང་། དཔའ་སྤོབས་དང་རིག་སྟོབས་ཀྱིས་སྦུད་པའི་ན་མཉམ་གྱི་དཔུང་ཡ་ཁ་ཅིག་ཀྱང་། དགུན་གྱི་ཕྱི་བ་བཞིན་མཐོང་ཐོས་ཀྱི་ཡུལ་དང་བྲལ།

ཕྱི་ལོ༢༠༡༨ལོར། ངའི་མཐའ་འཁོར་གྱི་མི་དག་མ་ཟད། སྒང་བ་བོད་པའི་མི་ཐམ་ཤད་ལའང་སྐད་འཕྲིན་ལས་ལྷག་པའི་འགོས་ནད་ཅིག་སྟེ། རྣམ་པ་དང་སྤྱོད་སྒོ་མི་འདྲ་བའི་ཐད་གཏོང་མ་ལག་གིས་མཐོ་བ་སློབ་ཆེན་གྱི་དགེ་རྒན་ནས་དམའ་བ་སློབ་ཆུང་གི་སློབ་མའི་བར་མིག་འཁྲུལ་བར་བྱས་ཏེ། སློབ་སྦྱོང་དང་ལས་དོན་བོར། བར་བ་འགོ་ཁྲིད་ནས་ལས་བྱེད་མི་སྣའི་བར་ཁྱབ་སྟེ། རང་ཚུགས་དང་ལངས་ཕྱོགས་བརྗེད། དེ་མཚུངས་ཕ་ཡུལ་མི་དམངས་ཀྱི་ཁྲོད་དུ་དར་ཏེ་ཕ་མ་དང་། མིང་སྲིང་དག་ལའང་ངོ་ཚ་དང་ཡ་ང་མེད་པར་ཆགས་གཏམ་དང་ལ་གཞས་བླངས། རྒྱ་སྲང་ན་འཁྱམ་པའི་སྤྲང་བོ་དག་དང་ཁྱད་མ་མཆིས་པའི་སློང་མོ་བྱས། ཚང་མས་དེ་ལ་དངུལ་སྦྱིན་བཏང་ཞིང་ཕྱུག་མདོག་བསྟན། མཁས་པའི་གསུངས་ལ་མི་མཉན། བླུན་པོའི་གཏམ་ལ་མཉན། དངོས་གནས“གནའ་མི་མཁས་པ་འདས། ད་ནི་བླུན་པོ་སྐྱེས། ལྷ་ཆོས་དར་གྱི་མདུད་པ་གྲོལ། མི་ཆོས་སོག་མའི་ཕོན་ཐག་ཆད།” ”མཁས་པའི་གཞུང་མི་བསྲུང་། རྨོངས་པའི་རྗེས་སུ་འཇུག བཟང་བོའི་དོ་མི་བྱེད། ངན་པའི་ཡ་བ་བྱེད”

ཕྱི་ལོ༢༠༡༨ལོར། ང་ཚོས་སྔ་མའི་ལོ་དང་མུ་མཐུད་དེ། གླུ་གཞས་སྒྱུ་རྩལ་གཙོས་འགྲན་བསྡུར་གྱི་གར་སྟེགས་མི་འདྲ་བའི་སྟེང་དུ་རྒྱལ་ཁ་དང་གྲུབ་འབྲས་ཀྱི་རྒྱལ་མཚན་བསྒྲེངས། ཡིན་ནའང་། ཆུ་སྣ་གར་ཁྲིད་ཀྱི་དཔེ་རུ་འགྱུར་སླ་བའི་མི་རིགས་འདིས། རི་བོང་ཅལ་འདྲོགས་ཀྱི་རྟུལ་ཞུགས་བཟུང་ཞིང་། རང་གི་རིག་གནས་ཀྱི་ངོ་བོའི་རྣམ་པ་དང་མཛེས་དཔྱོད་ཀྱི་ལྟ་བའི་ཀུན་དགའ་ར་བ་སོགས་རྒྱབ་ཏུ་གཡུགས་ཏེ། གཞན་པའི་རིག་གནས་ཀྱི་སྒྲོམ་གཞི་དང་མཛེས་དཔྱོད་ཀྱི་སྨིན་མའི་འོག་ཏུ་བཞག་སྟེ་གཏུབ་འབྲེག་སོགས་བྱེད་དུ་འཇོག་མཁན་ཇེ་མང་ནས་ཇེ་མང་དུ་གྱུར། གཞན་གྱི་བསམ་བློའི་འདུ་ཤེས་དང་མཛེས་དཔྱོད་ཀྱི་ལྟ་བས་ཡུ་བུས་ཀྱི་རིག་གནས་མ་ལག་ལ་ཚད་ཐིག་དང་སྐར་གྲངས་བརྒྱབས། དེ་དང་ལྷན་དུ། རིག་གནས་སྒེར་ཚུགས་ཀྱི་ལྕགས་རི་དང་རིག་གནས་གདེང་ཐོབ་(文化自信)ཀྱི་ཐག་ཁའང་ཧྲིལ་གྱིས་ཤོར་བའི་རྣམ་པ་མངོན། ཡིག་ཆ་དང་སྒོ་བྱང་སོགས་སུ་ཞིང་ནང་ལྡུམ་བུ་བཞིན་ཡིག་ནོར་གྱི་འཕེལ་ཁ་རབ་ཏུ་རྒྱས། སྐད་ཡིག་གི་བསྟན་པ་རླུང་ཁའི་མར་མེ་བཞིན་ལྷེམ་ལྷེམ་འདར།

ཕྱི་ལོ༢༠༡༨ལོར། རང་གིས་འཆར་གཞིར་བཀོད་པ་གང་དེ་མ་འགྲུབ་ཀྱང་། ན་གཞོན་རྩོམ་པ་པོ་ཅོ་ནེ་ཡུམ་ཚེ་རིང་ལགས་ཀྱིས་དཀའ་སྡུག་དང་བར་ཆད་གདོང་གིས་བསུས་ཤིང“ཚེ་རིང་རྣམ་དྲུག་དཔེ་ཚོགས”པར་དུ་བཏབ། སྒང་བ་བོད་པའི་རྩོམ་རིག་གི་ཁྲོད་དུ། ལྷུག་རྩོམ་གྱི་དཔེ་ཚོགས་དཀོན་པའི་སྟོང་ཆ་བསྐངས་ཤིང་གཟི་མདངས་བསྣན། ལྷ་བྱམས་རྒྱལ་ནས་སྒྲུང་དེབ<<གཉིད་དུ་ཡུར་བའི་ཆུ>>དང་། ལྷུག་རྩོམ་དེབ<<ང་ཡི་ཁེར་རྐྱང་དང་ཁྱེད་ཀྱི་རྩོམ་རིག>>གཉིས་དུས་གཅིག་ཏུ་བཀྲམས་ཏེ་བརྩོན་པའི་འབྲས་རྟགས་བསྟན། སྒྱིད་ལུག་དང་རང་རློམ་གྱིས་བསླུས་པའི་སྨྱུག་ཐོགས་པ་རྒན་གཞོན་ཀུན་ལ་གཟུགས་མེད་ཀྱི་སྐྱེངས་པ་དང་ཅོ་འདྲི་བྱས། རེ་སྒུག་དང་ཡིད་ཆེས་ཀྱིས་བརྟས་པའི་ཀློག་མཁན་བྱིངས་ལ་ནང་སེམས་ཀྱི་སྐོམ་གདུང་དང་རེ་ཆད་འཇོམས་པའི་དངོས་གྲུབ་ཀྱི་ཆར་བའི་མེ་ཏོག་བྲིམས། ན་གཞོན་ཁ་ཅིག་གིས་རང་རྟ་སྒ་མ་དང་། རང་བྲོ་ཁུག་མ་བྱས་ཏེ་འཛམ་གླིང་གི་རིག་ཚན་གསར་བ་དང་། བརྩམས་ཆོས་གྲགས་ཅན་བོད་འགྱུར་བྱས་ཏེ་སྔོན་བྱོན་ལོ་པཎ་རྣམས་ཀྱི་བགྱི་བ་ཁུར་དུ་བླངས།

ཕྱི་ལོ༢༠༡༩ལོར་་་་་་་་་་་།

 

 

ཕྱི་ལོ༢༠༡༨ལོའི་ཟླ༡༢པའི་ཚེས༣༡ཉིན་གྱི་དགོང་མོར་མང་རྫོང་གི་རང་ཤག་ནས་བྲིས།