བོད་བརྒྱུད་ནང་བསྟན་ཆོས་ལུགས་དད་མོས་ཀྱི་དོན་སྤྱིའི་སྐོར་གླེང་བ། མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ།

དཔྱད་རྩོམ་གྱི་ནང་དོན་གནད་བསྡུས། དཔྱད་རྩོམ་འདི་ཡི་བརྗོད་བྱ་གཙོ་བོ་ལ། བོད་བརྒྱུད་ནང་བསྟན་གྱི་གོ་དོན་དང་། དེའི་དབྱེ་དོན། བརྒྱུད་ཚུལ། ཁྱད་པར་དུ་བོད་བརྒྱུད་ནང་བསྟན་གྱི་དད་པའི་ངོ་བོ་དང་དབྱེ་བ་སོགས་སྐོར་རྒྱས་བཤད་དང་། བོད་བརྒྱུད་ནང་བསྟན་གྱི་དད་མོས་དེ་དུས་རབས་དང་མཐུན་པའི་དད་མོས་ཞིག་ཡིན་ཚུལ་བཅས་ཀྱི་སྒོ་ནས་བྲིས་ཡོད།

བརྡ་ཆད་གཙོ་བོ། བོད་བརྒྱུད་ནང་བསྟན། དད་མོས། གཡུང་དྲུང་བོན། བན་དང་བོན། རྒྱལ་ཁབ།

 

 

 

དང་པོ། བོད་བརྒྱུད་ནང་བསྟན་ཞེས་པའི་གོ་དོན་སོགས་ཀྱི་སྐོར།

དེ་ཡང་བོད་བརྒྱུད་ནང་བསྟན་ཆོས་ལུགས་དད་མོས་ཀྱི་སྐོར་གླེང་བ་ལ། ཐོག་མར་བོད་བརྒྱུད་ནང་བསྟན་ཞེས་པའི་དོན་བཤད་པ་བྱ་སྟེ། བོད་བརྒྱུད་ཅེས་པའི་དོན་ནི་དང་ཐོག་ནང་བ་སངས་རྒྱས་ཀྱི་བསྟན་པ་དེ་བོད་ལས་གཞན་པའི་ཡུལ་ལུང་ངམ་རྒྱལ་ཁབ་གང་རུང་ནས་བོད་དུ་དར་བའམ་བོད་དུ་བརྒྱུད་པའི་ནང་བའི་བསྟན་པ་ལ་བོད་བརྒྱུད་ནང་བསྟན་ཞེས་ཟེར། བརྒྱུད་ཚུལ་དེ་ལ་ཡང་རྟག་གཟིགས་འོལ་མོ་ལུང་རིང་ནས་བོད་དུ་བརྒྱུད་པའི་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་རིན་པོ་ཆེ་དང་། རྒྱ་གར་འཕགས་པའི་ཡུལ་ནས་བརྒྱུད་པའི་བན་གྱི་བསྟན་པ་རིན་པོ་ཆེ་གཉིས་སུ་འདུས་ལ། ཡུལ་ལུང་དེ་གཉིས་ནས་བརྒྱུད་པའི་བསྟན་པ་རིན་པོ་ཆེ་གང་ཡིན་ན་ཡང་དཀོན་མཆོག་གསུམ་སྐྱབས་གནས་ཡང་དག་ཏུ་ཁས་ལེན་ཞིང་དེ་ལས་གཞན་པའི་འཇིག་རྟེན་པའི་ལྷ་དབང་ཕྱུག་དང་ཡུལ་སའི་གཞི་བདག་སོགས་སྐྱབས་གནས་སུ་མི་འདོད་ཅིང་། ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་༼ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་ནི། འདུས་བྱས་ཐམས་ཅད་ཀྱི་མདོ་མི་རྟག་པ། ཟག་བཅས་ཐམས་ཅད་ཀྱི་མདོ་སྡུག་བསྔལ་བ། བོན་ཐམས་ཅད་ཀྱི་མདོ་སྟོང་ཞིང་བདག་མེད་པ། མྱ་ངན་ལས་འདས་པ་ཐམས་ཅད་ཀྱི་མདོ་ཞི་ཞིང་བདེ་བའོ། །༽ཁས་ལེན་པའི་ནང་བ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཞིག་ཡིན་པར་སྨྲོས་མེད་དུ་ཆགས་ཡོད་ལ། དེ་བཞིན་དུ་རྒྱ་བརྒྱུད་ནང་བསྟན་དང་ལྷོ་བརྒྱུད་ནང་བསྟན་ཟེར་བ་ཡང་། རྒྱ་གར་སོགས་ནས་རྒྱ་ནག་ཏུ་དར་བའི་ནང་བསྟན་ཆོས་ལུགས་ལ་རྒྱ་བརྒྱུད་ནང་བསྟན་དང་། ལྷོ་ཀོ་རེ་ཡ་སོགས་ལ་དར་བའི་ནང་བསྟན་ཆོས་ལུགས་ལ་ལྷོ་བརྒྱུད་ནང་བསྟན་ཟེར་བ་བཞིན་ནོ། །ཅི་སྐད་དུ། སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་པའི་ལུང་འདི་ཡང་གཡུང་དྲུང་བོན་གྱི་སྟོན་པ་གཤེན་རབ་མི་བོ་ཆེའི་བཀའ་ཀླུ་འབུམ་དང་བན་དེའི་སྟོན་པ་ཤཱཀྱ་ཐུབ་པའི་བཀའ་གཉིས་ཀ་ལས་གསུངས་ཡོད་པ་ཙམ་ལ་བལྟས་ན་ཡང་སྟོན་པ་དེ་གཉིས་ཀྱི་བསྟན་པ་བརྗོད་བྱའི་དངོས་ལ་ཁྱད་པར་མེད་པར་དཔྱོད་ལྡན་མཁས་དབང་རྣམ་པ་སུ་ཞིག་གིས་བལྟས་ན་ཡང་རང་བཞིན་གྱིས་ཧ་གོ་ངེས་རེད་ལ། གཞན་ཡང་དཔོན་སློབ་བསྐལ་བཟང་དར་རྒྱས་ཀྱི་གསུང་ལས། བོན་དང་ཆོས་ཞེས་བརྡ་ཡིས་ཁྱད་ཙམ་སྟེ། །བརྗོད་བྱའི་དོན་ལ་ཁྱད་པར་ཡོད་མ་ཡིན། །གལ་ཏེ་འགལ་ན་ཕྱི་བ་ནང་བ་བཞིན། །ཕན་ཚུན་བསྒྱུར་མེད་བསྒྱུར་བོན་ག་ལ་འཐད། །ཞེས་སོགས་སྔོན་བྱོན་གྱི་བན་བོན་རིས་མེད་ཀྱི་བསྟན་འཛིན་སྐྱེས་ཆེན་རྣམས་ཀྱིས་བོན་དང་བན་གྱི་གཞུང་ལུགས་མཐའ་དག་ལ་སློབ་སྦྱོང་དང་གཟིགས་རྟོག་མཐིལ་ཕྱིན་པ་གནང་སྟེ། ཁོང་ཚོའི་ཉམས་མྱོང་ངམ་མྱོང་ཚོར་དངོས་ཏེ་ཕྱི་རོལ་རྗེས་འཇུག་པ་རྣམས་ལ་ཞལ་གདམས་སུ་གནང་ཡོད་པ་སྨྲོས་མེད། དེ་ཕྱིར་ང་ཚོ་རང་ཉིད་གང་བཞུགས་ཀྱི་གྲུབ་མཐའི་དགོངས་དོན་གཙོ་བོར་བཟུང་སྟེ། རིས་མེད་ཀྱི་ནང་བསྟན་གྲུབ་མཐའ་ཀུན་ལ་དད་པ་དང་དག་སྣང་བྱེད་རྒྱུ་ནི་ང་ཚོ་ནང་བསྟན་པའི་བླངས་བྱའི་གཙོ་གནད་དུ་བཟུང་བར་བྱ། དེ་མིན་རང་གི་གྲུབ་མཐའ་ལས་གཞན་པའི་གྲུབ་མཐའ་ཀུན་ལ་དམའ་འབེབས་དང་དེ་ལ་གྲུབ་མཐའ་ཚད་ལྡན་མ་ཡིན་པ་སོགས་ཀྱི་སྐུར་བ་བཏབས་ན་རང་གཞན་སུ་ལ་ཡང་ཕན་འབྲས་མི་ཡོང་བའི་གྲུབ་མཐའ་དང་གྲུབ་མཐའི་བར་ལ་མཐུན་སྒྲིལ་དང་གུས་བཀུར་ཞུ་བ་ནི་དུས་རབས་ཉེར་གཅིག་པའི་ཆོས་ལུགས་པ་རྣམས་ཀྱི་འོས་འགན་ཉག་གཅིག་ཡིན་པའོ། །སྤྱིར་དད་པའི་ངོ་བོ་ཙམ་བསྟན་པ་ལ། ཡུལ་གང་ཞིག་ལ་འདུན་པ་དང་མོས་པ་དགའ་བའི་སེམས་ཞིག་ལ་དད་པ་ཟེར་ན་འགྲིག དེ་ལ་ཡང་ནང་བསྟན་ནས་བསྟན་པའི་དད་པ་ཡང་དེ་ལས་མ་འདས། དད་པ་ཡིན་ན་ནང་བསྟན་ནས་བསྟན་པའི་དད་པ་ཡིན་པའི་ངེས་པ་སོགས་མེད་ལ། སྤྱིར་དགའ་བ་ཡིན་ལ་དད་པ་ཡིན་པ་དང་། དད་པ་ཡིན་ལ་དགའ་བ་མ་ཡིན་པའི་མུ་སོགས་ཡོད་པ་ལྟར་རོ། །དེ་ནས་འདིར་བརྗོད་བྱའི་དངོས་བསྟན་ཚུལ་ལ། བོད་བརྒྱུད་ནང་བསྟན་གྱི་དད་མོས་སྐོར་གླེང་བ་དང་། བོད་བརྒྱུད་ནང་བསྟན་གྱི་དད་མོས་དེ་དུས་རབས་དང་མཐུན་པའི་དད་མོས་ཡིན་ཚུལ་གླེང་བ་དང་གཉིས་ཀྱི་སྒོ་ནས་བསྟན་པ་ལ།

 

 

གཉིས་པ། བོད་བརྒྱུད་ནང་བསྟན་གྱི་དད་མོས་སྐོར་གླེང་བ།

དེ་ཡང་བོད་བརྒྱུད་ནང་བསྟན་གྱི་དད་མོས་སྐོར་གླེང་བ་ལ་བདག་གིས་འདིར་གཙོ་བོ་གཡུང་དྲུང་བོན་ལུགས་ཀྱི་དད་མོས་དང་འབྲེལ་ཏེ་གླེང་བ་བྱ་སྟེ། ཅི་སྐད་དུ། དྲང་དོན་མུན་སེལ་ལས། དད་པས་བོན་གྱི་སྒོ་རྣམས་མ་ལུས་འབྱེད། །ཅེས་གསུངས་པ་ལྟར། སྤྱིར་བོན་ཐམས་ཅད་ཀྱི་སྒོ་དད་པས་དབྱེ་དགོས་ཤིང་། ཁྱད་པར་དུ་ཕྱི་ནང་གི་གྲུབ་མཐའ་ཁྱད་པར་སྐྱབས་འགྲོའི་སྒོ་ནས་ཕྱེ་དགོས་པ་དང་། སྐྱབས་སུ་འགྲོ་བའི་ཐོག་མར་རྒྱུད་ལ་དད་པ་བརྟན་པོ་ཡོད་དགོས་ཏེ། དད་པ་དེ་སྐྱབས་འགྲོའི་སྔོན་འགྲོ་ཡིན། སྐྱབས་སུ་འགྲོ་བ་ལ་ཐོག་མར་དད་པ་མེད་ན་སྐྱབས་འགྲོའི་སྡོམ་པ་ལེན་ཐབས་སོགས་མེད་པས། བོན་སྒོ་ཕྱི་ནང་གསང་བ་ཡང་གསང་གང་ལ་འཇུག་ན་ཡང་ཐོག་མར་དད་པ་བརྟན་པོར་ཡོད་ཐོག་ནས་མདོ་སྔགས་རྫོགས་གསུམ་གཞུང་ལ་ཐོས་བསམ་སྒོམ་གསུམ་དང་འཆད་རྩོད་རྩོམ་གསུམ། འཛིན་སྐྱོང་སྤེལ་གསུམ། བསྙེན་སྒྲུབ་ལས་གསུམ་བཅས་དང་། དེ་བཞིན་བོན་བསྟན་ལ་དད་འདུན་གུས་གསུམ་བྱེད་མཁན་གྱི་དམངས་ཚོགས་སུ་དང་སུ་ཡིན་ན་ཡང་། རང་རྒྱུད་ལ་དད་པ་དང་མོས་པ་རྣལ་མ་ཞིག་མེད་ན་བསྟན་པ་དེའི་བརྗོད་བྱའི་དངོས་ཉམས་སུ་ལེན་པ་དང་མཐར་ཐུག་གི་དགོངས་པ་རྣམས་ལེན་མི་ཐུབ་པ་མ་ཟད། རང་ཉིད་ལོག་པའི་ལམ་དུ་མི་འགྲོ་བའི་ངེས་པའང་མེད། དེ་ལ་ཡང་ནང་བསྟན་གྱིས་བསྟན་པའི་དད་པའི་ངོ་བོ་ནི། ཡུལ་ཁྱད་པར་ཅན་ལ་མོས་པའི་བློ། ཞེས་རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་སོགས་སྔོན་བྱོན་གོང་མ་རྣམས་ཀྱིས་གསུངས་པ་བཞིན་ནོ། ། དེ་ཕྱིར་དད་པ་ལ་དབྱེ་ན། རྫོགས་པ་ཆེན་པོ་ལས། མོས་པའི་དད་པ། དྭངས་པའི་དད་པ། ཡིད་ཆེས་པའི་དད་པ། མཐར་ཕྱིན་པའི་དད་དང་བཞི། ཞེས་གསུངས་པ་ལྟར་དད་པ་ལ་དབྱེ་ན་མོས་པའི་དད་པ་དང་། དྭངས་པའི་དད་པ། ཡིད་ཆེས་པའི་དད་པ། མཐར་ཕྱིན་པའི་དད་པའམ་ཕྱིར་མི་ལྡོག་པའི་དད་པ་དང་བཞི་ཡོད། དེ་ལས་དང་པོ་མོས་པའི་དད་པ་ནི། བླ་མ་དང་དགེ་བའི་བཤེས་གཉེན་དང་། སྐྱེས་ཆེན་དམ་པ་རྣམས་ཞལ་མཇལ་བ་དང་། མིན་ཀྱང་དེ་དག་གི་ཡོན་ཏན་དང་རྣམ་ཐར་ཐོས་པ་ལྟ་བུའི་རྐྱེན་གྱིས་མྱུར་དུ་ཐུགས་རྗེ་མ་ཆུང་སྙམ་དུ་རྒྱུད་ལ་དད་པ་ལྷངས་ཀྱིས་སྐྱེས་པ་སྟེ། དཔེར་ན་མའི་ཕྱི་ནས་བུ་ཚ་ཆུང་ངུ་འབྲེང་བ་ལྟ་བུ། དེའི་རྗེས་སུ་འཇུག་པར་འདོད་པའི་སེམས་པ་དགའ་ཡལ་ལེ་བ་དེ་ལ་མོས་པའི་དད་པ་ཞེས་ཟེར་ཏེ། རྗེ་བཙུན་མེ་སྟོན་ཤེས་རབ་འོད་ཟེར་གྱིས་མཛད་པའི་སུམ་བརྒྱ་བ་ལས། མ་ཡི་ཕྱི་བཞིན་བུ་གཞོན་འབྲེང་བ་ལྟར། །མོས་པའི་དད་པས་བསྟན་པ་ལ་འཇུག་འགྱུར། །ཞེས་གསུངས་པ་བཞིན་ནོ། ། གཉིས་པ་དྭངས་པའི་དད་པ་ནི། དང་ཐོག་མོས་པའི་དད་པས་བླ་མ་དང་དགེ་བའི་བཤེས་གཉེན་སོགས་ཚུལ་བཞིན་དུ་བསྟེན་ནས་ཐོས་བསམ་གྱི་ཤེས་རབ་གོང་འཕེལ་དང་རྒྱས་པའི་སྐབས་སུ་དེས་རྐྱེན་བྱས་ནས་འཁོར་བའི་གནས་ཀུན་སྡུག་བསྔལ་དང་མི་བདེ་བའི་རང་བཞིན་མཐོང་ནས་དེ་དང་བྲལ་འདོད། མྱ་འདས་སམ་ཐམས་ཅད་མཁྱེན་པའི་གོ་འཕང་བདེ་བའི་རང་བཞིན་དུ་མཐོང་ནས་དེར་ཐོབ་འདོད། དེ་བཞིན་མྱ་འདས་ཀྱི་གོ་འཕང་ཐོབ་པའི་རྒྱུ་དགེ་བའི་ལས་ལ་འབད་པ་དང་། འཁོར་བའི་རྒྱུ་མི་དགེ་བའི་ལས་རྣམས་སྤང་འདོད་སོགས་སྐྱེས་པ་སྟེ། དཔེར་ན་ནོར་བུ་ཆུ་འདང་གིས་ཆུའི་དྭངས་སྙིགས་འབྱེད་པ་བཞིན་དུ། དགེ་བ་ལ་སེམས་སྤྲོ་ཞིང་དགེ་སྡིག་གི་སྐྱོན་ཡོན་འབྱེད་ཤེས་པ་དེ་ལ་དྭངས་པའི་དད་པ་ཞེས་ཟེར་སྟེ། མེ་སྟོན་གྱི་སུམ་བརྒྱ་བ་ལས། ནོར་བུ་ཆུ་འདང་རྫས་ཀྱིས་ཆུ་རྙོག་སེལ། །དྭངས་པའི་དད་པས་སྤྲོ་འགྱུར་དགེ་སྡིག་འབྱེད། །ཅེས་གསུངས་པ་བཞིན་ནོ། ། གསུམ་པ་ཡིད་ཆེས་པའི་དད་པ་ནི། དྭངས་པའི་དད་པ་དེས་སྣ་དྲངས་ནས་འཁོར་བའི་གནས་ལ་འཁྱམས་པའི་རྒྱུ་སྡིག་པ་ཡིན་པར་ཡིད་ཆེས་ཏེ། སྡིག་པ་ལས་འབྲས་བུ་སྡུག་བསྔལ་ལས་གཞན་སྨིན་པར་མེད་པའི་ཡིད་ཆེས། མྱ་ངན་ལས་འདས་པའི་རྒྱུ་དགེ་བ་ཡིན་པར་ཡིད་ཆེས་ཏེ། དགེ་བ་ལས་འབྲས་བུ་བདེ་བ་སྨིན་པར་ཡིད་ཆེས་ནས་ཡིད་གཉིས་ཟ་བའི་ཐེ་ཚོམ་ཀུན་ནས་སེལ་ཏེ། དཔེར་ན་རྒུན་གཞུའི་རྒྱུད་གཞུང་བཞིན་དུ་སེམས་ལ་གྱ་གྱུའི་འགྱུར་ལྡོག་མེད་པར་ཤེས་པའི་གཞུང་ཚུགས་ནས་དགེ་བའི་ལས་རྣམས་བསྒྲུབས་པ་དང་སྡིག་པའི་ལས་རྣམས་སྤང་བ་ལ་འབད་འབུངས་ཀྱི་དད་པ་ལ་ཡིད་ཆེས་པའི་དད་པ་ཞེས་ཟེར་སྟེ། མེ་སྟོན་གྱི་སུམ་བརྒྱ་བ་ལས། རྒུན་གཞུའི་རྒྱུད་བཞིན་ཡིད་ཆེས་དད་པ་ཡིས། །ཐེ་ཚོམ་སེལ་ཏེ་ཤེས་པ་གཞུང་ཚུགས་འགྱུར། །ཞེས་གསུངས་པ་བཞིན་ནོ། ། བཞི་བ་མཐར་ཕྱིན་པའམ་ཕྱིར་མི་ལྡོག་པའི་དད་པ་ནི། ཡིད་ཆེས་པའི་དད་པས་སྡིག་པའི་ལས་རྣམས་སྤང་བ་དང་དགེ་བའི་ལས་རྣམས་ལག་ཏུ་བླངས་ཏེ་དགེ་སྡིག་སྤང་བླངས་ལ་ཡིད་ཆེས་བརྟན་པོར་ཐོབ་ནས་དད་པ་ལ་འགྱུར་ལྡོག་མེད་པ་བྱུང་བ་སྟེ། དཔེར་ན་སྲོག་ཆད་པའི་མི་སླར་སྔར་གྱི་ལུས་ལ་ཞུགས་པ་མེད་པའམ་མི་འོངས་པ་བཞིན་དུ། གང་ལ་འཇུག་པའི་དོན་མཐར་མ་ཕྱིན་བར་དུ་ཕྱིར་མི་ལྡོག་པ་དེ་ལ་མཐར་ཕྱིན་པའི་དད་པ་ཞེས་ཟེར་སྟེ། མེ་སྟོན་གྱི་སུམ་བརྒྱ་བ་ལས། སྲོག་ཆད་མི་གང་ལོག་པ་མེད་པ་བཞིན། །ཕྱིར་མི་ལྡོག་པའི་དད་པས་མཐའ་རུ་ཕྱིན། །ཞེས་གསུངས་པ་བཞིན་ནོ། ། དེ་ལྟ་བུའི་དད་པ་བཞི་བོ་དེ་རང་རྒྱུད་ལ་མི་འདུག་ན་བཙལ་དགོས་ཏེ། རྫོགས་ཆེན་ལས། དད་པ་གང་ལ་བརྟེན་ཏེ་བཙལ་བའི་ཡུལ་ནི་རྒྱུ་བཞི་ལ་བརྟེན་ནས་བཙལ། །ཞེས་གསུངས་པར་ལྟར། ༡ མོས་པའི་དད་པ་བཙལ་ཐབས་ནི་བླ་མ་དང་བཀའ་རྒྱུད་སོགས་ལ་བརྟེན་ནས་སྐྱེ་བ་ཡིན་པས། བླ་མ་དགེ་བའི་བཤེས་གཉེན་རྣམས་ཡུན་རིང་དུ་བསྟེན་ལ། དེ་དག་གི་མཛད་སྤྱོད་ལ་དག་སྣང་སྦྱོང་བ་དང་། གསུངས་པའི་གདམས་ངག་ལ་ཉན་པ། བདེ་བར་གཤེགས་པའི་བཀའ་བོན་སྒོ་བརྒྱད་ཁྲི་བཞི་སྟོང་དང་ཐེག་པ་རིམ་དགུ། སྒོ་བཞི་མཛོད་ལྔ། ཕྱི་ནང་གསང་གསུམ། དྲང་དོན་དང་ངེས་དོན་སོགས་ལ་སློབ་སྦྱོང་དང་ཐོས་བསམ་ལ་བརྟེན་ནས་བཙལ་དགོས། ༢ དྭངས་པའི་དད་པ་དང་༣ཡིད་ཆེས་པའི་དད་པ་གཉིས་བཙལ་ཐབས་ནི། རང་གཞན་སེམས་ཅན་གཉིས་ཀ་ལ་བརྟེན་ནས་སྐྱེ་བ་ཡིན་པས། རང་ཉིད་ཁ་ནང་དུ་ལོག་ནས་རང་རྒྱུད་ལ་དལ་བ་བརྒྱད་དང་འབྱོར་བ་བཅུ་ཡི་མི་ལུས་རིན་པོ་ཆེ་ཐོབ་ལུགས། ཐོབ་ན་ཡང་མི་རྟག་པའི་རང་བཞིན་ཡིན་ལུགས། མི་རྟག་པའི་འོག་ཏུ་དགེ་མི་དགེའི་ལས་ཀྱིས་གནས་ངན་སོང་དང་མཐོ་རིས་གཉིས་སུ་བརྒྱུད་དེ་བདེ་སྡུག་གི་འབྲས་བུ་སྨིན་ལུགས་སོགས་ལ་ཞིབ་ཏུ་བསམ་པ་དང་། གཞན་ཁ་ཕྱིར་བལྟས་ནས་གཞན་བསོད་ནམས་ཀྱི་ཚོགས་བསགས་པའི་འབྲས་བུ་བདེ་བ་ལ་ལོངས་སྤྱོད་པའི་གང་ཟག་རྣམས་དང་། སྡིག་པའི་འབྲས་བུ་སྡུག་བསྔལ་ཁོ་ན་ལས་བདེ་བ་ཏིལ་ཙམ་ཡང་མེད་པའི་གནས་ལ་བསམ་གཞིག་གནང་བ་སོགས་ལ་བརྟེན་ནས་བཙལ་དགོས། ༥ བོན་དང་བོན་མ་ཡིན་པའི་རྣམ་པར་འབྱེད་པའི་ཤེས་རབ་ལ་བརྟེན་ནས་སྐྱེས་པའམ་བཙལ་དགོས་སོ། །དེ་བཞིན་དུ་དད་པ་བརྟན་པོ་ལ་བརྟེན་ནས་སྦྱང་བྱའི་དོན་རྣམས་ཚིག་དོན་ཐོག་ཏུ་དྲིལ་བ། དོན་རྒྱུད་ཐོག་ཏུ་ལེན་ནས། དགེ་སྡིག་གི་སྐྱོན་ཡོན་ནམ་ལེགས་ཉེས་ཀྱི་དོན་མ་འབྱེད་བར་དུ་བརྩོན་པ་དྲག་པོས་འབད་དགོས་ལ། ལེགས་ཉེས་འབྱེད་པའི་ཤེས་རབ་དང་ལྡན་ན། དད་པ་བཞི་བོ་རིམ་གྱིས་སྐྱེ་བར་འགྱུར། དེ་ལྟར་དད་པ་ཐུན་མོང་མ་ཡིན་པ་རྒྱུད་ལ་སྐྱེས་ཚེ། ལམ་གྱི་བོན་ཐམས་ཅད་ཀྱི་སྣ་འདྲེན་པ་དང་། དད་པ་བཞི་བོ་དེ་རང་རྒྱུད་ལ་ཡོད་ན། མོས་པའི་དད་པས་བླ་མ་དང་དཀོན་མཆོག་གི་ཡོན་ཏན་མཐོང་ནས་སྐྱབས་སུ་འགྲོ་བར་བྱེད། དྭངས་པའི་དད་པས་འཁོར་བའི་འཇིགས་པ་ཆེན་པོ་ལས་བསྒྲལ་ཏེ་དཀོན་མཆོག་གི་སྐྱབས་འོག་ཏུ་ཚུད་པར་བྱེད། ཡིད་ཆེས་པའི་དད་པས་སྤང་བླང་གི་གནས་བསླབ་བྱ་ཕྲ་ཞིང་ཕྲ་བ་ནས་བླང་དོར་ལ་མཁས། མཐར་ཕྱིན་པའི་དད་པས་ཚེ་འདི་དང་ཕྱི་མའི་དོན་ཀུན་མ་ནོར་བ་དང་མ་འཆུག་པར་བསྒྲུབས་པ་བྱེད་པའོ། །དེ་ལྟར་དད་པའི་ཕན་ཡོན་སོགས་གནད་བསྡུས་སུ་བསྟན་པ་ཡང་། དྲང་དོན་ལས། དད་པས་མི་ཁོམ་གནས་བརྒྱད་སྤང་བར་བྱེད། །དད་པས་ཐར་པའི་ཕྱོགས་ཀྱི་ལམ་སྣ་འདྲེན། །དད་པས་ཁམས་གསུམ་འཁོར་བའི་ཆུ་རྒྱུན་གཅོད། །དད་པས་བདེ་གཤེགས་བཀའ་རྒྱུད་དོན་རྣམས་རྟོགས། །འཆི་ཞེས་མི་རྟག་རྒྱུད་ལ་སྐྱེ་བ་ཡང་། །དད་པ་དག་ལ་བརྟེན་ནས་འབྱུང་བར་ངེས། །མི་ཆགས་བརྟུལ་ཤུགས་ཆེན་པོ་སྐྱེ་བ་ཡང་། །དད་པ་དག་ལ་བརྟེན་ནས་འབྱུང་བར་ངེས། །ཞེས་དང་། རྒྱུད་ལས། བཀའ་རྒྱུད་བྱིན་རླབས་རང་གི་དད་པས་ལེན། །ཞེས་དང་། རྣམ་པར་རྒྱལ་བའི་གཟུངས་ལས། གང་ཞིག་མོས་པའི་ཡིད་བྱེད་པ། །དེ་ཡི་མདུན་དུ་གཤེན་རབ་བཞུགས། །ཞེས་སོགས་ཕན་ཡོན་བསམ་གྱིས་མི་ཁྱབ་པར་འབྱུང་བ་གསུངས་སོ། །

 

 

གསུམ་པ། བོད་བརྒྱུད་ནང་བསྟན་གྱི་དད་མོས་དེ་དུས་རབས་དང་མཐུན་པའི་དད་མོས་ཡིན་ཚུལ་གླེང་བ།

དེ་ཡང་གོང་ནས་བཤད་པ་ལྟར་དད་པ་དེ་ལ་སྤྱིའི་དད་པ་དང་ནང་བསྟན་ནས་བསྟན་པའི་དད་པ་གཉིས་ལས་ནང་བསྟན་ནས་བསྟན་པའི་དད་པ་དེ་དུས་རབས་དང་མཐུན་པའི་དད་པ་ཞིག་ཡིན་པར་མ་ཟད། དུས་རབས་ལ་དགོས་མཁོ་ཆེ་བའི་དད་པ་ཡིན་སྟེ། སྤྱིར་ཆོས་ལུགས་དང་ལུགས་སྲོལ། ཚོགས་པ་མི་འདྲ་བ་འགའ་ཞིག་ནས་བསྟན་པའི་དད་པ་ལ། གང་ཟག་སོ་སོའི་སྒེར་དོན་དུ་དམིགས་པའི་དད་པ་དང་། རང་ཕན་གཞན་གནོད་དམ་རང་གཞན་གཉིས་ཀ་ལ་གནོད་པའི་དད་པ་ཡང་མཆིས། དཔེར་ན། དེང་གི་དུས་ཀྱི་འཇིགས་སྐུལ་ཚོགས་པའམ་རིང་ལུགས་པ་རྣམས་ཀྱིས་རང་གཞན་ཀུན་ལ་གནོད་པའི་བྱ་སྤྱོད་འབྱུང་དང་འབྱུང་བཞིན་པ་འདི་ཡང་ཁོང་ཚོའི་ཚོགས་པ་ནས་བསྟན་པའི་དད་པའི་འབྲས་བུ་དང་དམིགས་ཡུལ་ཀྱང་ཆགས་ཡོད་སྟབས། ནང་བསྟན་ཆོས་ལུགས་ནས་བསྟན་པའི་དད་པའི་རྩ་བའང་གཞན་གནོད་གཞི་བཅས་སྤང་བ་དང་། རང་གཞན་གྱི་ཚེ་འདི་དང་ཕྱི་མ་ལ་ཕན་པའི་ངོས་ནས་དད་པ་བྱེད་དགོས་པ་དང་། དད་པ་གཞི་བཟུང་སྟེང་སྐྱབས་འགྲོ་དང་སེམས་བསྐྱེད་སོགས་རིམ་བཞིན་སློབ་པ་དང་སྦྱོང་བ་གནད་དུ་བསྟན། དེང་གི་དུས་ལ་མཚོན་ནའང་རྒྱལ་ནང་གི་འབྱོར་ལྡན་པ་མང་བོ་ཞིག་ནང་བསྟན་གྱི་ཆོས་ལུགས་ལ་དད་པ་དང་དེ་ལ་སྐྱབས་སུ་འགྲོ་བ་ཉིན་རེ་ནས་ཉིན་རེར་མང་བཞིན་པ་འདི་ཡང་ང་ཚོའི་དད་མོས་དེ་དད་མོས་ཡང་དག་ཡིན་པ་རང་བཞིན་གྱིས་བསྟན་ཐུབ་པ་དང་། དུས་རབས་ཉེར་གཅིག་པའི་དུས་འདི་ལ་ཡང་མཚོན་ན་ཆོས་ལུགས་དང་ཆོས་ལུགས་བར། མི་རིགས་དང་མི་རིགས་བར། རྒྱལ་ཁབ་དང་རྒྱལ་ཁབ་བཅས་ཀྱི་བར་ལ་ཕན་ཚུན་བརྩི་འཇོག་དང་དག་སྣང་གུས་བཀུར་བྱས་ཏེ་རང་ཉིད་གང་བཞུགས་ཀྱི་ཆོས་ལུགས་སམ་གྲུབ་མཐའི་བསྟན་དོན་ལ་དད་མོས་རྩ་དོན་དུ་བཟུང་སྟེ་ཐོས་བསམ་སྒོམ་གསུམ་དང་འཆད་རྩོད་རྩོམ་གསུམ་གྱིས་ཆོས་ལུགས་དེ་འཛིན་སྐྱོང་སྤེལ་ཏེ་དུས་རབས་ལ་ཕན་པ་དང་མི་རིགས་ལ་ཕན་པ་བཅས་གནང་ནས་རང་ཉིད་ཀྱི་ཆོས་ལུགས་དེ་ཉིད་འཛམ་གླིང་གིས་ཧ་གོ་བ་བྱེད་དགོས་ཤིང་། ཁྱད་པར་དུ་ང་ཚོ་ནང་བསྟན་ནས་བསྟན་པའི་དད་མོས་དེ། མི་ལོ་སྟོང་ཕྲག་དུ་མའི་རིང་ལ་མ་ནུས་པར་བཞུགས་ཤིང་བརྟན་པ་འདི་ཡང་རྒྱུ་མཚན་གཞན་མ་མཆིས་ཏེ། འཇིག་རྟེན་ལ་ཕན་པ་དང་རང་གཞན་གྱི་སེམས་ཅན་ལ་ཕན་པ་སོགས་ཀྱིས་ཡིན་ལ། ད་རུང་ཡང་གཞུང་ལྟར་དུ་རྒྱུན་འཛིན་དང་དར་སྤེལ་བྱུང་ན་ཇི་སྲིད་འཁོར་བ་མ་སྟོང་བར་དུ་དེ་སྲིད་དད་མོས་དེ་ཉིད་ཀྱིས་ཕྱི་ནང་གི་འཇིག་རྟེན་ལ་ཕན་བདེ་བསྒྲུབས་པ་ནི་སྨྲོས་མ་དགོས་པ་རེད། གང་ལྟར་ཡང་སྤྱིར་དད་པ་ལ་དགེ་བའི་ངོ་བོར་གྱུར་བའི་དད་པ་དང་། མི་དགེ་བའི་ངོ་བོར་གྱུར་བའི་དད་པ་གཉིས་ཡོད་པ་ལ། དེ་གཉིས་ཀྱི་འབྲས་བུ་ཡང་མི་འདྲ་བ་འབྱུང་གི་ཡོད་སྟབས། ལེགས་ཉེས་རྣམ་པར་འབྱེད་པའི་བློ་གྲོས་ལྡན་པ་རྣམས་ཀྱིས་དེ་གཉིས་བླང་དོར་དང་སྐྱོན་ཡོན་ལ་གཞིགས་ཏེ་རང་ཉིད་ལམ་ནོར་བར་བཞུགས་པ་དང་། དེ་བཞིན་དུ་རྒྱལ་ཁབ་དང་སྲིད་གཞུང་ནས་ཀྱང་རང་གཞན་ལ་གནོད་པའི་ཚོགས་ཁག་དང་ཆོས་ཚོགས་རྣམས་ཕམ་པ་གཏོང་བ་དང་། རང་གཞན་ལ་ཕན་བདེ་སྒྲུབ་པའི་ཚོགས་པ་དང་ཆོས་ཚོགས་རྣམས་དར་སྤེལ་གཏོང་བའི་རོགས་རམ་དང་རྒྱབ་སྐྱོར་གནང་བཞིན་པ་འདི་ཡང་མཐར་ཐུག་ན་དད་མོས་ལ་རག་ལས་པ་བཤད་མ་དགོས་པའོ། །

 

 

ལུང་ཁུངས་ཡིག་ཆ་གཙོ་བོ།

ཀུན་མཁྱེན་ཤར་རྫ་པའི་གསུང་འབུམ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།

མཉམ་མེད་བཀའ་འབུམ། ལྕགས་པར་ཅན།

 

© 2019 ལུག་ཚང་དཔལ་ཡོན། . Powered by WordPress. Theme by Viva Themes.