དགུན་ཟླ་རིང་མོ། དཀར་པོ།  

ཡོད་ཚད་ལ་དྲན་གདུང་གིས་མནར་བའི་སྐབས་སུ།  ཁོ་མོས་ཁྱོད་རང་བརྩེ་བས་འཁྱུད་པར་མི་སྲིད་དེ། ཁྱོད་རང་སེམས་སུ་ཆུད་པར་མི་ནུས།

 

གྱེས་གདུང་གིས་འཇིག་རྟེན་ཧྲིལ་བོ་ཁེངས་ལ། ཁེར་རྐྱང་དུ་ལུས་པའི་ལྗོན་པ་ཐར་ཐོར། སྐྱ་ཐང་ཐང་གི་ས་གཞི་རུ་མནོ་བསམ་ཤོར་ཞིང་། མུ་མཐའ་དབེན་པའི་ནམ་མཁའ་རུ་མཛའ་བའི་ཡུལ་ལྗོངས་ཅི་ཡང་གྲུབ།

རི་ཚོགས་ཕྱི་སྐོར་ནང་སྐོར་གྱིས་བཟུང་བའི་མཐོ་སྒང་གི་ལྷ་ཆེན་ལགས།——དགུན་གཞུང་། ཙག་སེར་དང་བུ་ཡུག་གི་ངད་ཁ་ནས། གསོག་གསོབ་དང་འགྲན་རྩོད་ཀྱི་སོ་ཁ་ན་འདུར་ཞིང་། དབུལ་ཞིང་ཕོངས་བའི་སྤྲང་བོའི་ཚོགས་ལ་གནང་སྦྱིན་བགྱི་རོགས། ནར་མ་སོན་པའི་སྤྲང་ཕྲུག་བསམ་མེད་དེ་དག སྙིང་འདར་དང་སོ་འདར་རྒྱག་བཞིན། ཡངས་བའི་ཕ་མཐའ་བརྒལ་བའི་སོ་མཚམས་སུ་འགྲེང་ཡོད།

སྐྱ་ཤད་ཤད་དུ་ཤུགས་རིང་འཐེན་པའི་སྡོང་སྐམ། འཁྲེང་ཞེན་དང་ན་ཟུག་གི་ཀློང་ན་འདར་སིག་སིག འདར་སིག་སིག་ཟུངས་ཟད་དུ་གྱུར་བའི་ལྗོན་པ་འདི་དག གྲང་ཤུར་ཤུར་གྱི་དགུན་གཞུང་གིས་མངལ་དུ་སྦྲུམ་ཚེ། གཤོག་ཐོག་འདབ་ལྡན་གྱི་ཚོགས་ཀྱིས་བྱང་ཐང་གི་ལྷག་རླུང་རྒུམ་གྱིན་གཤོག་པ་སྤྲུག་སྤྲུག་བྱེད་ཅིང་། རྣམ་རིག་གྲིམ་གྲིམ་གྱིས་མུ་མེད་ཀྱི་མཁའ་མཐའ་རུ་ལྷ་ཆེན་སུ་ཞིག་གི་ཨ་ལན་ལ་སྒུག་བཞིན། གནས་འདི་རུ་ཚེ་རབས་ག་ཚོད་ཀྱི་སྐྱེ་འཕྲེང་རྫོགས་དགོས་ཨང་།

ཡོད་ཚད་ལ་སུན་མེད་ཀྱིས་བརྐྱངས་པའི་ནམ་མཁའ

ཕྱི་རིམ་ནང་རིམ་དུ་བརྩེགས་པའི་སྤྲིན་པ་དཀར་ནག

དགུན་གཞུང་འདིར། རླུང་དམར་སྨྱོས་ཧམ་གྱིས་གཡུགས་ཤིང་། ཁ་བ་འཇམ་རྩུབ་གཉིས་ཀྱིས་བབས། ཅི་ཡང་མ་ཐོབ་ཅིང་ཡོད་ཚད་འབོར་བཞིན་པའི་རང་བྱུང་ཁམས་ཀྱི་སྒལ་གཞུང་འདི་ནས། དངངས་སྐྲག་དང་བག་འཁུམ། གཉའ་ཞུམ་ཞུམ་དུ་གྱུར་བའི་རྩྭ་སྐྱ་སྤར་མོ་གང་འདི། དུས་རབས་ཀྱིས་སྐྲུན་པའི་བཤུ་གཞོག་དང་མནར་གཅོད་ཀྱི་རྒྱ་རུ་ཚུད་དམ་སྙམ་བྱུང་། འཚོ་གནས་ལ་དུངས་ཞེན་གྱི་འོ་མཚོ་འཕྱུར་འདྲའི་སྲོག་ལྡན་ཁྲི་སྟོང་མང་བོའི་རྣམ་ཤེས་ཀྱང་། ཁེར་རྐྱང་ངང་སྟོངས་འཇགས་ཀྱི་བར་སྣང་དུ་ཉུལ་ལམ་སྙམ།

དགུན་གཞུང་འདིར  ཙག་ཁ་རྒོད་པས་མིག་ཆུ་མོད

གཅིག་ལས་གཉིས་མཆེད་ཀྱི་ཆུ་བོ་རེ་རེ་འཁྱགས་པས་བསྡམས

འཁྱགས་རོམ་གྱི་སྒྲོམ་དུ་ཚུད་པའི་གསེར་མིག་གི་ཉ་ཆུང

འཁྲེང་སེམས་ཀྱི་ཞེ་རྩར་འཐོམ་པའི་དྲོད་ཁོལ་གྱི་ཉི་འོད་ལ་སྒུག་ཡོད

ཞོགས་ཀ་རེ་རེར། ཁོ་བོའི་ནག་རོག་རོག་གི་ངོ་གདོང་དེ་བད་ཀྱིས་སྤྲིས་ཤིང་། རྩྭ་ལྗང་གི་མཉེས་གཤིན་ལྡན་པའི་མཛེས་སྡུག་དང་། མེ་ཏོག་ལ་བཀྲག་མདངས་འཚེར་བའི་ལང་ཚོ། སྦྲང་ཆར་གྱིས་དངོས་སྒྲུབ་སྩོལ་བའི་རེ་བ་དག་རྦད་ནས་རྒྱང་དུ་གྱེས་ལ། དྲན་རྟོག་རྦ་རླབས་ཀྱིས་བརྐྱངས་པའི་དར་དཀར་ཀྱི་དཔྱངས་ཟམ་རིང་མོ། དཀར་ལུམ་ལུམ། ངང་སོབ་སོབ། གངས་རིའི་མུ་འཁྱུད་དུ་སྤྲིས་ནས་ཁ་བ་གངས་རིའི་ལྗོངས་སུ་འཐེན་ནས་ཡོད་ཨང་།

སེམས་སུ་མར་མེ་རྐང་གཅིག་གི་ཚུལ་དུ་བཞད་པའི་ཉི་མ་དེ་ཤར་ནས་ནུབ་ཀྱི་མཚམས་སུ་ཡིབ་ཐེངས་རེར། ལྷག་རླུང་སྒེའུ་ཁུང་གི་དྲ་མའི་གསེང་ནས་བཙན་རྒོལ་གྱིས་འཛུལ་ཡོང་བས། ཁོ་བོ་མཚན་མོས་སྤྲིས་པའི་ཆུང་མ་ལ་བརྩེ་བའི་འཁྱུད་དམ། ཡང་ན། མུན་ནག་གིས་བཟོས་པའི་རྟ་རེས་སོ་ཁ་ནས་ཁྱུར་མིད་དུ་གཏོང་ངམ།

དགུན་གཞུང་ལགས། ཁྱེད་རང་ངའི་འཇིག་རྟེན་དུ་སླེབས་སྔ་ཞིང་བཞུད་དཀའ་བའི་རྟག་བརྟན་གྱི་རི་མོ་སྐྱ་ཤད་ཤད་ཅིག་འཁྱགས་ཤུར་ཤུར་དུ་འདུག

   བྱ་ཁྱུ་འཕུར་ཤུལ་གྱི་ཤིང་སྡོང

   ཙག་དང་བསེར་བུས་ཟོས

   ཉི་མ་ནུབ་རྗེས་ཀྱི་སྲོད་ལྗོངས

   བྱམས་པའི་རུམ་ཁ་རུ་ལྷུང    སྙིང་ཉེ

   སང་ལོ་ཁ་བ་འབབ་དུས

   ཁྱེད་ཉིད་ངའི་རྨི་ལམ་དུ་བཞད་སྲིད་དམ

© 2019 ལུག་ཚང་དཔལ་ཡོན། . Powered by WordPress. Theme by Viva Themes.