སྐྱེ་བ་སྔ་མ་ཞེས་པའི་གོ་དོན་ག་རེ་ཡིན་ནམ། སད་མི།

ང་ཚོ་ནི་སློབ་སྦྱོང་པ་རྐྱང་རྐྱང་ཡིན་པས་རིག་པའི་གནས་ཕྱིན་ཅི་མ་ལོག་པའི་དོན་དུ་འཇུག་པར་བྲེལ་ཞིང་སྣང་བ་དཔེ་ཆའི་ཀློང་ནས་རོལ་དགོས་པ་ཞིག་བཤད་མ་དགོས་པ་ཞིག་ཡིན་འོས། “དོན་ངོ་མར་མི་ནི་གང་ཞིག་ནས་ཡོང་བ་ཡིན། ཅིའི་ཕྱིར་འདིར་ཡོང་བ་ཡིན། ཤི་ཟིན་པའི་རྗེས་སུ་སླར་ཡང་གང་དུ་འགྲོ་བ་ཡིན།” དོན་འདི་ཉིད་“འགྱུར་བ་མེད་པའི་མིའི་རིགས་ཀྱི་བརྗོད་བྱའི་གཙོ་བོ”ཞིག་ཏུ་གྲུབ་པས་འདི་ཉིད་འཚོལ་ཕྱིར་དུ་སྐབས་བབ་ཀྱི་བཤད་འདོད་པ་འགའ་ཞིག་མཆིས་ཏེ། འདིའང་སྒེར་རང་ངོས་ཀྱི་ལྟ་ཚུལ་དམིགས་སུ་བཟུང་སྟེ་དེའི་རྒྱབ་ལྗོངས་སུ་གཞུང་ལུགས་ཀྱི་ལུང་རིགས་ཀྱིས་བསྒྲུབ་པ་དང་ལུང་གི་གནད་དང་རིགས་པའི་རྩལ་ལ་བརྟེན་ནས་འགའ་ཞིག་གླེང་བར་བྱའོ། །

བརྗོད་བྱ་དངོས་ཏེ“སྐྱེ་བ་སྔ་མ་ཡོད་མེད”ཀྱི་ཐོག་ནས་ཅུང་ཙམ་བཤད་འདོད་ཀྱི་བློ་སྔོན་དུ་སོང་སྟེ་ཐོག་མར་ནང་མཛའ་རྩེ་ཨ་འགྲིག་ཆ་འགྲིག་ཡིན་པའི་གྲོགས་པོ་དག་གི་རྣ་ལམ་དུ་སྙན་ཞིང་མིག་ཁྲོད་དུ་མཛེས་པར་གྱུར་པའི་རེ་འདུན་དང་བཅས། ད་དུང་ཀློག་པ་པོ་ཡོངས་ལ་འདིས་བློ་བསྐྱེད་གཏིང་ཚུགས་པ་ཞིག་དང་ཚོར་བ་དམིགས་བསལ་ཞིག་སྤྲོད་མ་ཐུབ་ཀྱང་བཀླགས་མཆན་དང་དཔྱད་བརྗོད་རེ་ཡོད་པར་འཚལ།

སྔོན་དུ་བཤད་འདོད་པ་ཞིག་སྟེ། སྤྱིར་བཏང་རྒྱང་འཕེན་པ་ནི་སྔར་རྒྱ་གར་གྱི་དྲང་སྲོང་འཇིག་རྟེན་མིག་གི་གྲུབ་མཐའ་འཛིན་མཁན་ཞིག་ཡིན་མོད། ཚེ་འདི་ཕྱི་དང་ལས་རྒྱུ་འབྲས་མེད་པར་སྨྲ་བའི་ཆད་ལྟ་པ་ཡིན་དགོས་མིན་ནི་སྔོན་བྱོན་མཁས་དག་གིས་ཞིབ་མོ་བློ་ཡིས་དཔྱད་དེ་གཞིགས་པ་ན། ཀུན་མཁྱེན་མི་ཕམ་པས་བརྩམས་པའི་“དབུ་མ་རྒྱན་འགྲེལ་”ལས། ལམ་གོམས་པ་སོགས་ཚེ་སྔ་ཕྱིའི་མི་སྲིད་དེ། ད་ལྟའི་རིག་པ་མངལ་གྱི་གནས་སྐབས་ཀྱི་འབྱུང་བ་འདུས་མེར་མེར་པོ་ལ་སོགས་པ་ལས། ཆན་ལས་མྱོས་བྱེད་ཀྱི་ནུས་པ་གསར་དུ་སྐྱེ་བ་ལྟར་གློ་བུར་དུ་བྱུང་གི་ཚེ་སྔ་མའི་རིག་པ་སྔོན་དུ་སོང་བ་ལས་བྱུང་བ་མིན་ཞིང་། འཇིག་རྟེན་འདིར་ཅི་ཙམ་སྡོད་པ་དེ་སྲིད་དུ་བློ་དང་དབུགས་ཀྱང་འབྱུང་ལ། འཆི་བ་ན་མར་མེ་རྒྱུན་ཆད་ལྟར་ལུས་རྡུལ་དུ་དེངས། སེམས་ནམ་མཐར་འཐིབ་པ་དེས་ན་སྐྱེ་བ་ཕྱི་མ་མེད་ལ། དེ་བཞིན་དུ། ཀུན་མཁྱེན་ཀློང་ཆེན་པས་བརྩམས་གནང་མཛད་པའི“ཡིད་བཞིན་མཛོད་འགྲེལ་པདྨ་དཀར་པོ”ལས། འབྱུང་བ་བཞི་དོན་དམ་དུ་འདོད་པ་དང་། ལུས་སེམས་རྫས་གཅིག་ཏུ་འདོད་པ་དང་། འཇིག་རྟེན་སྔ་ཕྱི་མེད་པ་དང་། ལས་འབྲས་མེད་པ། ཐར་པ་དང་ཐམས་ཅད་མཁྱེན་པ་མེད་པ། མ་མཐོང་བའི་འགྲོ་བ་མེད་པ། རྗེས་དཔག་ཚད་མ་མེད་པའོ། ། ཞེས་སོགས་མང་དུ་བགྱིས་ཀྱང་མདོར་བསྡུས་ན་རྒྱང་འཕེན་པ་ནི་ལས་འབྲས་ལ་བརྩི་སྲུང་མེད་པ་དང་ཡིད་ཆེས་ཀྱི་ལུང་སོགས་མིག་གིས་མངོན་སུམ་དུ་མ་མཐོང་ན་ཁས་མི་ལེན་པས་ལས་འབྲས་ཆད་ལྟ་སྨྲ་པ་ཞིག་ཏུ་རློམ་ཆོག་པ་ཡིན་ནོ། །

གཞན་ལུགས་དགག་པ། སྐབས་འདིར་གཙོ་གནད་ཆེ་ཤོས་གཅིག་སྟེ། གཟུགས་འདས་ཀྱི་ཤེས་པ་ཡོད་མེད་ཀྱི་གནད་དོན་དེ་རེད། གལ་སྲིད་གཟུགས་འདས་ཀྱི་ཤེས་པ་མེད་གྱུར་ན་ཚེ་རབས་དུ་མའི་རིང་དུ་ང་ཚོའི་ཤིང་རྟ་པ་རྣམས་དང་མེས་པོ་རྣམས་ཀྱིས་སྐུ་ངལ་ལ་མ་འཛེམས་པར་གླེགས་བམ་དང་བཀའ་བསྟན་གྱི་རྣམ་གཞག་མང་དུ་བདོག་པ་དག་ཕལ་ཆེར་འབྲས་མེད་རིན་མེད་དུ་གྱུར་ཟིན་པ་མ་ཟད། ནང་པའི་ལྟ་གྲུབ་དང་སྲོག་རྩ་རྦད་དེ་ཤོར་ཚར་བ་མ་ཡིན་ནམ། ནང་པས་བཤད་པའི་ལས་རྒྱུ་འབྲས་དང་སྐྱེ་བ་སྔ་ཕྱིའི་ཤན་ཞུགས་ཀྱིས་བོད་མི་རྣམས་ཉིན་མཚན་དབྱེར་མེད་དང་རྟག་ཏུ་ཁ་མ་ཎི་དང་ལག་ཕྲེང་མ་དེའང་མཐར་གཏུགས་ན་སྐྱེ་བ་སྔ་ཕྱི་དང་འབྲེལ་ཡོད་པ་ཞིག་མ་ཡིན་ནམ། དེ་བས་ཞིབ་ཏུ་དཔྱད་ན། དངོས་གཙོ་མཚན་ཉིད་རིག་པ་ཁ་ཅིག་གིས་ཇི་ལྟར་ལབ་པ་དང་ལབ་པའི་རྒྱུ་མཚན་གང་ཞེ་ན། ཤེས་པ་འདི་ཉིད་གཟུགས་འདས་ཀྱི་ཤེས་པ་མ་ཡིན་པར་བེམ་པོའི་ནུས་པ་ཞིག་ཡིན་ཏེ། ཀླད་ཆེན་གྱི་རྩ་དང་དེའི་བྱེད་ནུས་སུ་བཞག་ཅིང་། མ་ཟད་ལུས་ལ་སྡུག་བསྔལ་ཅི་བྱུང་བའི་ཚོར་བ་གང་གིས་ཀླད་ཆེན་ལ་བརྡ་སྤྲོད་དགོས་ཤིང་། གཟོད་ཀླད་ཆེན་གྱིས་བརྟགས་ཤིང་དཔྱད་དེ་གཞི་ནས་སྡུག་བསྔལ་འབྱུང་དགོས་པར་བཤད་ཡོད། དེ་ལྟར་ནའང་འཐད་པ་མ་ཡིན་ཏེ་ཀླད་ཆེན་མེད་པའི་སེམས་ཅན་གང་མང་མང་ཞིག་མངོན་མཐོང་གི་ལམ་ནས་གྲུབ་པས་དེ་དག་གིས་རང་རང་གི་བདེ་སྡུག་ཙམ་ཡང་མི་ཤེས་ཟེར་ན་སུས་བདེན་པར་འཛིན་ཏེ། རང་རང་གི་འཚོ་བ་དང་ཁ་རྒྱབ་ཀྱི་ཆེད་དུ་རྟག་ཏུ་འཚོ་ཞིང་གནས་པ་ཡིན་པས་བདེ་སྡུག་ལོས་ཡོད། ལུས་ལ་རྨ་དང་མཚོན་གྱིས་རྨས་པ་ཡིན་ན་ལུས་ཚོར་དེ་དག་གིས་ཀླད་ཆེན་ལ་བརྡ་སྤྲོད་དགོས་པ་བཤད་མོད། ལུས་རྨས་མ་ཐག་པ་ནས་སྡུག་བསྔལ་འབྱུང་ངེས་པས་ལུས་ཚོར་གྱིས་ཀླད་ཆེན་ལ་བརྡ་སྤྲོད་པའི་དུས་ཚོད་ཅིག་དེའི་བར་གསེང་ནས་ཡོད་པར་དཀའ་བ་སྣང་སྟེ། ལུས་ཚོར་གྱིས་ཀླད་ཆེན་ལ་བརྡ་སྤྲོད་དགོས་པ་ཙམ་མ་ཡིན་པར་ཀླད་ཆེན་གྱིས་གཟོད་བརྟག་དཔྱད་དགོས་པས་སོ། །ཀླད་ཆེན་དང་དེའི་རྩ་སོགས་རྣམ་ཤེས་དང་འབྲེལ་མེད་མིན་པ་ནི་སུས་ཀྱང་བཤད་ཡོད། རེད་དེ་རྣམ་ཤེས་ཀླད་ཆེན་གྱི་རྣམ་འགྱུར་རམ་དེའི་ངོ་བོར་འགྲོ་རྒྱུ་དེ་ཤིན་ཏུ་དཀའ་བར་སྣང་སྟེ། སྙིང་རྗེ་བོར་བཟོས་པས་ན་དེ་བསྟུན་གྱི་སྡུག་བསྔལ་སོགས་ཀྱང་བརྗེ་པོ་ཐུབ་པ་དང་མ་ཚད་ལུས་ཚོར་དེ་དག་སྨན་དང་རྫས་སྦྱོར་སོགས་ཀྱིས་སྡུག་བསྔལ་སེལ་ཐུབ་པ་བཞིན་དུ་སེམས་ཚོར་གྱི་སྡུག་བསྔལ་དེའང་དེ་བཞིན་སྨན་དང་རྫས་སྦྱོར་སོགས་ཀྱིས་སེལ་ཐུབ་སྟེ། སེམས་ཚོར་གྱི་འབྱུང་རྩ་དེའང་ཀླད་ཆེན་དང་དེའི་རྩ་ཕྲན་ལས་གཞན་མེད་ཅིང་དེ་འདྲའི་འབྱུང་རྩ་གང་ཡིན་རུང་སྨན་དང་རྫས་སྦྱོར་སོགས་ཀྱིས་འཆོས་ནུས་པ་ནི་མངོན་སུམ་ལ་མ་སྨྱོན་པའི་རྒོལ་བ་དག་གིས་ཤེས་སོ། །རྒྱུ་མཚན་འདི་ལྟར་ཏེ་ལུས་ཚོར་གྱི་སྡུག་བསྔལ་སྨན་དང་རྫས་སྦྱོར་སོགས་ཀྱིས་སེལ་ཐུབ་པའི་གནད་དེའང་དེའི་བདག་རྐྱེན་ལུས་ཀྱི་རྨ་ཁ་ལ་སོགས་པ་སྨན་གྱིས་སེལ་ཐུབ་པའི་གནད་ལ་མཐར་ཐུག་པ་ལས་གཞན་དུ་འགྲོ་ས་མེད་དོ། །ཀླད་ཆེན་དང་དེའི་རྩ་ཕྲན་གང་ཞིག་ལ་གློག་དང་འཕྲུལ་ཆ་ཡིས་འགྱུར་བ་བསྐྱེད་སྟོབས་ཀྱིས་ནང་གི་སེམས་ཚོར་སོགས་ལའང་དེ་བསྟུན་གྱི་འགྱུར་བ་ཅུང་ཡོད་ནའང་། དེ་ཙམ་གྱིས་རྣམ་ཤེས་ཀླད་ཆེན་གྱི་ནུས་པ་དང་དེའི་རྩ་ཕྲན་གང་ཞིག་ཏུ་སྒྲུབ་ཐུབ་པ་མ་ཡིན་ལ། གང་ཞེ་ན་ལུས་སེམས་གཉིས་གཞི་གཅིག་ཏུ་གནས་སྐབས་རྟེན་ལ་འགྱུར་བ་བྱུང་སྟོབས་ཀྱིས་བརྟེན་པ་ལའང་འགྱུར་བ་བྱུང་བ་ནི་ནང་པས་བཤད་པའི་རྟེན་བརྟེན་པའི་འབྲེལ་བའི་གནད་ཀྱིས་ཡིན་གྱི། དེའི་ནུས་པ་དང་རྩ་ཕྲན་ཡིན་པས་མ་ཡིན་ནོ། །

གཞན་དུ་ཀླད་ཆེན་ཆགས་ཚུལ་དེའང་བསྐལ་པ་ཡ་ཐོག་ནས་འདི་རུ་མ་ཐུག་གི་བར་དུ་སེམས་ཅན་རྣམས་འཐབ་རྩོད་དང་ཁེ་ཕམ་གྱི་ལས་ལ་ཞུགས་ཤིང་དེ་བཞིན་བྱ་བ་སྣ་ཚོགས་བཟོས་པ་ལ་བརྟེན་ནས་དམིགས་བསལ་མ་བཟོས་པར་ཁྱོན་ཡོངས་སུ་འཛིན་པའི་ཀླད་ཕུང་ཆགས་ཤིང་། དེའི་ཐོག་ཏུ་སྒོ་ལྔའི་ཤེས་པ་སོགས་ཀྱིས་དྲངས་པའི་རེག་བརྡ་ཐམས་ཅད་ལ་བྱེད་ནུས་འདྲ་མིན་འབྱུང་སྟེ་ནུས་པ་ཇེ་རྒྱས་དང་རིམ་སྟོབས་འབྱུང་བ་ལས་མི་རྣམས་ལ་གཟོད་ཀླད་ཆེན་ཆགས་པས་སྲོག་ཆགས་གཞན་དང་མ་འདྲ་བའི་སྤྱང་གྲུང་ལྡན་པ། བློ་རིག་གྲིམ་པ། རྣམ་དཔྱོད་ཆེ་བ་བཤད་པས་མཐའ་གཅིག་ཏུ་ངེས་པ་མིན་ཏེ། མིའི་རིགས་ལས་གཞན་བྱི་ལ་དང་བྱི་བ་ལ་སོགས་པའི་དུད་འགྲོ་དག་ལ་མི་ལས་ལྡབ་འགྱུར་གྱི་ཀླད་རྩའི་གྲངས་ཚད་མཐོ་བས་སོ། །ཡང་སྤྱིར་བཏང་འགྲོ་བ་མིའི་ཀླད་པར་ཀླད་ཆེན་དང་ཀླད་ཆུང་ཀླད་གཞུང་གསུམ་དུ་ཕྱེས་ཤིང་། བྱེ་བྲག་ཏུ་དཀྱིལ་ཀླད་དང་ཀླད་ཟམ་ཀླད་རྒྱུངས་སོགས་མི་འདྲ་བའི་ཆུང་ཆ་མང་དུ་ཕྱེས་འདུག ཀླད་ཆེན་དེ་ཉིད་ཀྱི་སྒུལ་ཤུགས་གཙོ་བོ་ནི་བསམ་གཞིག་དང་དྲན་རྟོག་མ་ཚད་ཡུལ་དང་གཞལ་བྱ་སོགས་ལ་ཞིབ་འཇུག་དང་དཔྱད་པ་བྱེད་པའི་མཐོ་རིམ་སེམས་སྐྱེད་བྱེད་ཀྱི་མཆོག་གྱུར་དབང་པོ་ཞིག་ཏུ་ངོས་འཛིན་བཟོས་འདུག དེ་འདྲའི་ཀླད་ཆེན་གྱི་ཕྱི་ངོས་སུ་ཁ་དོག་ཐལ་སྐྱར་གྱུར་པའི་དཀྱིལ་རིམ་ཞིག་ཡོད་པ་དེ་ཀླད་ཆེན་གྱི་པགས་རིམ་ཡིན་འདུག པགས་རིམ་དེ་ནི་མིའི་རིགས་ཀྱི་ཐུན་མིན་མཐོ་རིམ་དབང་རྩའི་འགུལ་སྐྱོད་ལ་སྟངས་འཛིན་བྱེད་པའི་མ་ལག་ཅིག་ཏུ་བཤད་ཡོད། དཔེར་ན་དགའ་སྐྱོ་ཆགས་སྡང་དང་། ང་རྒྱལ་འཁོན་སེམས་དེ་དག་གི་ཚོར་འགྱུ་སོགས་པགས་རིམ་དེ་ལ་རག་ལས་ཡོད་པ་ཟེར་འདུག པགས་རིམ་དེའང་མིའི་རིགས་སྤྲ་རིགས་གཉིས་ལས་མེད་ན། དུད་འགྲོ་གཞན་དག་གང་གིས་ཀྱང་དགའ་སྐྱོ་ཆགས་སྡང་གི་རྣམ་འགྱུར་སྟོན་མི་ཤེས་པར་འགྱུར་ལ། དེ་ལྟར་ན་ཁྱི་དང་ཟོག་ལ་སོགས་པས་མིག་ནས་མཆི་མ་བཞུར་བ་དང་ངག་ནས་ངུ་སྐད་འབྱིན་པ་སོགས་དངོས་སུ་མཐོང་སྣང་གི་ཡུལ་དུ་ཡོད་པས་དེ་ལྟར་ཡིན་མི་སྲིད་ལ། མ་ཟད་པགས་རིམ་དེ་ལ་མཚོན་གྱིས་རྨས་ཏེ་འགྲིབ་པ་ཡིན་ན། དགའ་སྐྱོ་ཆགས་སྡང་ཡང་དེ་བཞིན་འགྲིབ་དགོས་པར་འདུག་མོད། དེ་ལས་ལྡོག་སྟེ་ང་རྒྱལ་དང་ཆགས་སྡང་སོགས་གོང་འཕེལ་དུ་འགྲོ་བ་དག་ནི་ཉམས་མྱོང་ལས་དཔོག་ཐུབ་པ་ཞིག་མ་ཡིན་ནམ་སྙམ་མོ། །

ཡང་དབྱིན་ཇི་རྒྱལ་ཁབ་ཀྱི་སེ་ཧྥེར་ཏི་ཟེར་བའི་སློབ་གྲྭའི་གྲངས་རིག་སྡེ་ཚན་གྱི་སློབ་མ་ཞིག་སྨན་པས་ནད་བརྟག་དཔྱད་བཟོས་པ་ན། དེའི་མགོ་བོ་སྤྱིར་བཏང་གི་མི་རྣམས་ལས་ཅུང་ཆེ་ཚུགས་ལྡན་པས་ཀླད་ཁམས་དབང་རྩའི་རིག་པའི་དགེ་རྒན་ཆེན་མོ་ལྗོན་ལོ་པོར་ཟེར་བའི་སར་བཏང་སྟེ། ཡང་ཡང་དཔྱད་པས་ན་ཁོའི་ཀླད་ཆེན་སྐྱི་རིམ་ཧོའོ་སྨིས་གཅིག་ཡོད་པ་དང་དེའི་འོག་ཏུ་ཀླད་ཆུང་སྣང་བ་ལས་གཡས་གཡོན་ཆ་གཉིས་ལས་གྲུབ་པའི་ཀླད་ཆེན་མེད་པར་བསྒྲགས། སྤྱིར་བཏང་གི་མི་ལ་ཀླད་ཆེན་གྱི་ཧོའོ་སྨིས་བཞི་དང་ཚེག་ལྔ་ཙམ་ལ་གཏན་ཁེལ་བཟོས་འདུག རེད་དེ་ཁོས་སློབ་གྲྭའི་ཁྲོད་ནས་སྦྱངས་འབྲས་ལེགས་པོ་ཐོབ་མྱངས་པ་སོགས་ལ་བལྟས་ཚེ། རྣམ་ཤེས་ནི་ཀླད་ཆེན་འབྲེལ་བ་གཏིང་པའི་ངོ་བོ་ཅན་ཞིག་འགྱུར་རྒྱུ་ཤིན་ཏུ་དཀའ་ཡོང་བར་སྣང་ངོ་། །

ད་སྐབས་སྐྱེ་བ་སྔ་ཕྱིའི་རྣམ་གཞག་གི་ཐོག་ནས་རིག་གཞུང་ཏིལ་འབྲུ་ཙམ་ཡང་སྦྱོང་བ་བྱས་མ་མྱངས་ཤིང་། རང་ཚོད་ཀྱིས་ཁ་ཕོ་དང་སྦྲགས་ཏེ“ང་ནི་ཚངས་པའོ། །ཚངས་པ་ནི་ཆེན་པོའི། །”སྙམ་པའི་མི་སྒེར་འགའ་ཤས་ཤིག་གི་བསམ་བློའི་ནང་ཁོག་ཏུ་ཞུགས་པའི་ལོག་པའི་ལྟ་བ་གཅིག་སྟེ། ང་ཚོ་འགྲོ་བ་མི་དག་གིས་ད་ལྟའི་ལུས་རྟེན་འདི་བེད་སྤྱད་དེ་ཐ་ན་རང་ཁ་རང་གསོ་བྱེད་མི་ཐུབ་པའི་མི་ཐམས་ཅད་ཀྱིས་ཚེ་ཕྱི་མར་འགྲོ་སྐབས་ཀྱི་བདེ་སྐྱིད་དང་ཕྱི་མའི་ལུས་རྟེན་ལ་བདེ་སྐྱིད་ཐུབ་ཕྱིར་དུ་འབད་བརྩོན་བགྱིས་པ་རང་སྡུག་རང་ཉོ་ཞིག་དང་དོན་འབྲས་གང་ཡང་སྨིན་མི་ཐུབ་པའི་བྱ་བ་གང་ཞིག་ལ། བྱ་བ་དེས་རང་ཉིད་ལ་རྔོ་ཐོགས་པ་གང་མེད་དེ། ཕྱི་མའི་གང་ཟག་དེ་ནི་རང་དང་ཤེས་རྒྱུད་ཐ་དད་པ་མ་ཟད་རང་ལས་གཞན་པའི་གང་ཟག་ཅིག་ཡིན་ཕྱིན་དེའི་དོན་དུ་དཀའ་ངལ་སྤྲད་དགོས་དོན་རྩ་ནས་མེད་དོ། །ཞེས་པའི་ལྟ་བ་ནི་མིའུ་འགའ་ཞིག་གིས་སྐྱེ་བ་སྔ་མ་མེད་པར་འཛིན་པའི་རྒྱུ་མཚན་ཉག་ཅིག་ཡོད་པ་ནི་དེ་ཉིད་དོ། །དེའང་ཞིབ་འདང་མ་བརྒྱབ་པ་ཞིག་ཡིན་ཏེ། འདི་ལྟར་ས་འབུ་གྲོག་མ་ནས་བཟུང་སྟེ་རང་རང་གི་དེ་རིང་བཟའ་རྒྱུ་ཙམ་མ་ཡིན་པར་ལོ་སྣེར་ཟླ་མཐུད་ཀྱི་རིང་ལ་བཟའ་རྒྱུ་ཨེ་རྙེད་བྱེད་མཁན་རྐྱང་རྐྱང་ཡིན་པར་སུས་ཀྱང་བདེན་དཔང་མ་བཟོས་ཀྱང་ཤེས་མོད། སང་ཉིན་བཟའ་རྒྱུ་དེ་རིང་གྲྭ་སྒྲིག་དགོས་པ་དང་སང་གནང་གི་བཟའ་རྒྱུ་ད་ལོར་གྲྭ་སྒྲིག་བཟོས་པ་ལ་དགོས་པ་གང་ཡང་མེད་དེ། དེ་རིང་གི་ང་དང་སང་ཉིན་གྱི་ང་གཉིས་གང་ཟག་ཐ་དད་ཅིང་ད་ལོའི་གང་ཟག་སང་གནང་གི་གང་ཟག་ཡང་དེ་བཞིན་མཚུངས་པས་དགོས་མེད་དུ་འགྱུར་ལ། ཞིབ་ཏུ་བློ་ཁ་རང་ལ་བསྐོར་ནས་བཤད་ན་འདི་འདྲའི་དོགས་གནས་ཤིག་ཡོང་དོན་རྩ་ནས་མེད་དོ། །

གསེར་དངུལ་དཀྲིས་པའི་སྙིང་གི་བུ་ཆུང་ཉིད། །

མ་གཡེལ་མི་གཡེལ་ལྷོད་ཅིང་ཕབ་པ་ན། །

དལ་བར་དལ་བུར་མིག་གི་ཆུ་འཛིན་གྱིས། །

མང་ཐོས་གཞུང་གི་ལེགས་བཤད་ལེན་པར་བྲེལ། །

སེམས་ཀྱི་ངལ་དུབ་སེལ་ཆེད་དུ་བར་སྐབས་ཀྱི་ཚིག་བཅད་དོ། །

རང་ལུགས་བཤད་པ།

དང་པོ། རྣམ་འགྲེལ་གྱི་སྐབས་སུ། སྐྱེ་བ་ཡོངས་སུ་ལེན་པ་ན། །འབྱུང་རྔུབ་དབང་པོ་བློ་དག་ནི། །རང་གི་རིགས་ལ་ལྟོས་མེད་ཅན། །ལུས་ཉིད་འབའ་ཞིག་ལས་སྐྱེ་མིན། །ཞེས་གསུངས་ཤིང་། རིག་པའི་རྟགས་ཀྱིས་སྐྱེ་སེམས་སྐད་ཅིག་དང་པོ་དེ་རང་གི་རིགས་སྔར་མ་བསྒྲུབས་པའི་རྟགས་འདི་ཉིད་སྐྱེ་བ་སྔ་མ་ཡོད་པར་སྒྲུབ་བྱེད་ཀྱི་རྟགས་ཡང་དག་པ་ཡིན་པར་གསུངས་ལ། དེའང་གཞན་དང་མ་མཚུངས་པའི་ཁྱད་འཕགས་ཀྱི་རྟགས་ཤིག་ཡིན་ཏེ། སྲོག་ལྡན་གྱི་འགྲོ་བ་མི་དང་གཙོས་པའི་སེམས་ཅན་གང་ཡིན་ཡང་སྒེར་གང་ཟག་གཅིག་གི་སྟེང་དུ་དེའི་བསྒྲུབ་བྱ་རྟོགས་པ་ཙམ་གྱིས་རང་གི་མཐོང་སྣང་གི་ཡུལ་དུ་གྱུར་པའི་སྲོག་ལྡན་ཀུན་གྱི་སྟེང་དུ་བསྒྲུབ་བྱ་ཡོད་པར་རྟོགས་ནུས་པས་སོ། །ཚུ་རོལ་མཛེས་པ་པ་འགའ་ཞིག་ལ་མངོན་ཤེས་ཉི་ཚེ་བ་ལྡན་མཁན་དག་གིས་སྐྱེ་བ་རེ་གཉིས་ཙམ་རྟོགས་ནུས་ཤིང་། ཡིན་ནའང་དེ་ཙམ་གྱིས་སྐྱེ་བ་སྔ་མ་ཡོད་པ་རྟོགས་མི་ཐུབ་སྟེ་ཤེས་པ་ཐུག་མེད་དུ་རྟོགས་པ་མེད་པའི་ཕྱིར་ཏེ། རྒྱང་འཕེན་པའི་རྒྱུད་ཀྱི་ཉི་ཚེ་བའི་བློ་ཡིན་པའི་གནད་ཀྱིས་སོ། །དེས་ན་རིག་པའི་སྟོབས་ཀྱིས་སྐྱེ་སེམས་སྐད་ཅིག་དང་པོ་རང་གི་ཉེ་རྒྱུར་གྱུར་པའི་རིགས་འདྲ་སྔ་མ་སྔོན་དུ་སོང་བ་སྒྲུབ་པའི་རྒྱུ་མཚན་དེ་སྐྱེ་བ་སྔ་མ་ཡོད་པ་སྒྲུབ་བྱེད་ཀྱི་རིགས་པ་རྣམ་དག་མིན་པར་འགྱུར་རོ་སྙམ་ན། ཕྱོགས་གཞན་ཞིག་ནས་བལྟས་ན་འདིའི་ཐོག་ནས་ཀྱང་གཟུང་མཚམས་མེད་པ་མ་ཡིན་མོད། གང་ཞེ་ན། ཞེ་འདོད་ཀྱི་བསྒྲུབ་བྱ་དང་ཚིག་གི་དངོས་བསྟན་གྱི་བསྒྲུབ་བྱ་གཉིས་སུ་ཕྱེས་ཏེ་བཤད་དགོས་པ་ཡིན། ཞེ་འདོད་ཀྱི་བསྒྲུབ་བྱ་གཞིར་བཟུང་སྟེ་བཤད་ན། སྐྱོན་ཡོད་པ་མ་ཡིན་ཏེ་རྟགས་ཀྱི་བསྒྲུབ་བྱ་རྟོགས་པ་མཉམ་དུ་སྐྱེ་བ་སྔ་མ་ཡོད་པ་རྟོགས་ཐུབ་སྟེ། འདིའི་བསྒྲུབ་བྱ་ནི་སེམས་སྐད་ཅིག་དང་པོ་རང་གི་རིགས་འདྲ་སྔོན་སོང་ཙམ་མ་ཡིན་པར་སྐྱེ་སེམས་སྐད་གཅིག་དང་པོ་འདི་ཉིད་སྔོན་མཐའ་ཐུག་མེད་ཡིན་པ་དེ་མ་བཞག་ཐབས་མེད་ཡིན། ཡིན་ཏེ་རྟགས་འདི་ཉིད་སྐྱེ་བ་སྔ་མ་ཡོད་པ་སྒྲུབ་པའི་རྟགས་སུ་གསུངས་ལ་འདིའི་བསྒྲུབ་བྱ་རྟོགས་པ་དང་མཉམ་དུ་སྐྱེ་སྔ་རྟོགས་དགོས་པ་ནི་རིགས་པས་གྲུབ་བོ། །དེ་བས་སྐྱེ་སེམས་སྐད་ཅིག་དང་པོ་སྔོན་མཐའ་ཐུག་མེད་དེ་མ་བཞག་ཐབས་མེད་ཀྱི་གནས་ཤིག་མ་ཡིན་ནམ། ཡང་གཞན་དུ་ན། རིག་པ་རྒྱུ་མཚན་དུ་བྱས་ཏེ་སྐྱེ་སེམས་སྐད་ཅིག་དང་པོ་རྒྱུ་གང་ཞིག་གི་ཕར་ནང་ན་མེད་པ་དང་རྒྱུ་དེའི་སྐབས་ནས་སྐྱེ་བ་ཐོག་མ་ངོས་འཛིན་མེད་པར་སྒྲུབ་པའི་གཏན་ཚིགས་དེའང་ཕྱོགས་གང་ནས་བལྟས་ཀྱང་སྐྱོན་དང་བྲལ་བའི་རྣམ་དག་ཅིག་ཏུ་སྙམ་མོ། །

ཞོར་འཕྲོས་མཁས་པ་རྣམས་ཀྱིས་འདོད་སྟངས་ཅུང་ཙམ་ཞིག་བདག་གིས་བཤད་འདོད་ཡོད་པས་འདིར་སྤྲོས་ན། ནང་པའི་མཁས་པ་དག་གིས་སྐྱེ་བ་སྔ་མ་ཡོད་པར་སྒྲུབ་བྱེད་དུ་རྟགས་དང་རྒྱུ་མཚན་གང་མང་ཞིག་གསུངས་པ་དེ་དག་དོན་གྱི་རིན་ཐང་ལ་རྒྱ་ཆེ་ཆུང་དང་གཏིང་ཟབ་མིན་གྱི་ཁྱད་པར་གང་ཡང་མེད་ནའང་། སོ་སོ་སྐྱེ་བོ་དག་གི་རང་སྟེང་ནས་བཤད་ན་ཉམས་མྱོང་དང་དྲན་པ་སོགས་ཀྱིས་སྒྲུབ་པ་འདི་ནི་དངོས་སྟོབས་ཀྱི་རིགས་པ་ཁ་བཙན་ཁོག་དྲང་ཞིག་ཡིན་ཏེ། དེ་དག་ནི་རང་རང་སོ་སོའི་ཉམས་མྱོང་དང་མིག་སྔར་གྱི་གནས་གནས་ཚུལ་དངོས་མཐོང་ལག་ཟིན་རྐྱང་པས་ར་སྤྲོད་བྱེད་བཞིན་པས་སོ། །

༡ལེགས་ལྡན་འབྱེད་ཀྱིས་བསྟན་པའི་སྐྱེ་བ་སྔ་མ་ཡོད་པ་སྒྲུབ་བྱེད་རིགས་པ་གང་ཞེ་ན། ཚེ་རབས་དྲན་ལ་སོགས་དང་། །ཚུལ་སྨྲས་ཕྱིར་ན་དེ་ཡང་ཡོད། །ཅེས་གསུངས་ཤིང་གོང་སྨྲས་བཞིན་དྲན་པའི་རྟགས་ཀྱིས་སྐྱེ་བ་སྔ་མ་ཡོད་པ་སྒྲུབ་པ་ནི་ཆེས་ཤིན་ཏུ་རྣོ་ངར་ཅན་གྱི་རིགས་པ་ཞིག་ཏུ་སྣང་ངོ་། །མ་ཚད་མགོ་རྨོངས་ཀྱི་སོ་སྐྱེ་ཐལ་མ་པ་རྣམས་ལ་ཧ་ཅང་གོ་སླ་ཞིང་སྟབས་བདེ་བ་ཞིག་ཅི་ལ་མིན། ད་དུང་ལོག་ཞུགས་ཀྱི་རྟོག་སད་པ་དག་ལ་རིགས་ལམ་འདི་ཐད་ཀར་བཤད་ན་ཁས་ལེན་མི་སྲིད་ཀྱང་། དེ་དག་ལ་ཇི་ལྟར་བཤད་ཅེ་ན། འཇིག་རྟེན་འདིར་སྔོན་གནས་རྗེས་སུ་དྲན་མཁན་གྱི་མི་ནི་ཤིན་ཏུ་མང་དུ་མཆིས་ནའང་། ལག་ལེན་དང་གོ་སྐབས་ཡོད་མེད་ཀྱི་བར་གསེང་ནས་དེ་དག་ལ་ཞིབ་འཇུག་དང་དྲི་བ་དྲིས་ལན་བཟོ་མཁན་ཧ་ཅང་ཉུང་འདུག ཡིན་ནའང་གངས་ཅན་གྱི་སྐྱེས་བུ་དམ་པ་སྟེ་མཁས་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱིས་དེ་དག་དམིགས་བསལ་གྱི་དཀར་འདོན་བཟོས་ཏེ་དྲི་བ་དང་དྲིས་ལན་གང་མང་བགྱིས་པ་དེ་དག་གི་ཁྲོད་ནས་ཉམས་མྱོང་གི་སྐྱེ་བ་སྔ་ཕྱི་བཤད་པ་དེ་དག་གིས་ར་སྤྲོད་དགོས་སོ། །ཡང་འཁྲབ་སྟོན་ཚུལ་གྱིས་དེ་ལྟར་བཤད་པ་རེད་ཅེས་སྣང་ན། རང་ཉིད་ཀྱིས་ཞིབ་འཇུག་དང་བརྟག་དཔྱད་ཅུང་གྱིས་དང་གོ་ཚོར་ཡོད་སྲིད་དེ། བྷར་མ་ནས་གནམ་གྲུའི་ནང་ནས་མེ་མདའ་བརྒྱབ་སྟེ་གཡུལ་དུ་ཤི་བའི་འཇར་མན་གྱི་དམག་མི་ཞིག བྷ་མ་རུ་བུད་མེད་ཅིག་ཏུ་སྐྱེས་པ་དེ་ཡང་བྷར་མི་ཟས་མི་འདོད་ཅིང་ཟས་མངར་མོ་ལ་དགའ་བ་དང་། བུ་མོའི་གོས་གྱོན་མི་འདོད་པར་སྐྱེས་པའི་གོས་གྱོན་པར་སྤྲོ་བ་དང་། རྒྱུན་དུ་རྩེད་ཆས་དམག་ཆས་དག་བྱེད་ཅིང་དམག་གི་རྩེད་མོ་བྱེད་པ་ལྟ་བུའོ།། གཏམ་རྒྱུད་འདི་དྷི༔ལྷ་ལྡན་གྱིས་བརྩམས་པའི་འགན་འཁྲིའི་འདུ་ཤེས་ལས་དྲངས་པ་ཡིན་པས་དེ་ལྟར་མཁྱེན་པར་མཛོད།

༢ སློབ་དཔོན་དཔའ་བོས། བཙས་མ་ཐག་ཏུ་སུས་ཀྱང་མ་བསྟན་པར། །ཁ་ཟས་ཟ་བ་རྩོལ་བ་བྱེད་པ་ཡང་། །དེ་ཚེ་ཚེ་རབས་གཞན་ལ་གོམས་པའི་མཐུས། །ཞེས་གསུངས་ཤིང་། སེམས་ཅན་འགའ་ཞིག་སྟེ་དཔེར་ན་བེའུ་ལ་སོགས་པས་མ་ཡི་མངའ་ནས་བཙས་མ་ཐག་ཏུ་ནུ་འོ་ནུ་ཤེས་པ་སོགས་ནི། རང་གི་ཚེ་རབས་སྔོན་མའི་བག་ཆགས་ཀྱི་སྟོབས་ཀྱིས་རྟེན་འདི་ནས་སྦྱོང་བ་སྔོན་སོང་དང་འབད་བརྩོན་གང་ཡང་མི་དགོས་པར་ངམ་ངམ་ཤུགས་ཀྱིས་ཤེས་པ་ནི་དོན་དངོས་དང་མཐུན་པའི་གནས་ལུགས་ཤིག་ཏུ་མཆིས་འདུག་མོད། རིགས་པ་འདི་དང་འདི་འདྲའི་སྟོབས་ལྡན་དག་གི་གནས་ལུགས་ནི་སུས་ཀྱང་ལྡོག་པ་མེད་དོ། །དེ་བས་ཚེ་འདི་ནས་སྦྱོང་བ་སྔོན་སོང་དང་འབད་བརྩོན་གང་ཡང་མེད་པའི་བྱ་བ་དེ་དག་ནི་ཚན་རིག་པས་འགྲེལ་བཤད་གནང་དཀའ་བའི་གནད་ཅིག་ཏུ་མཆིས་པས། དེ་དག་ལ་བརྟག་དཔྱད་དང་ཞིག་འཇུག་གི་འབྲས་བུ་མངོན་དུ་གྱུར་ཚེ། ཚན་རིག་པ་དག་གི་ལྟ་གྲུབ་ལ་ཡང་བསྐྱར་འཛུགས་སྐྲུན་གསར་པ་ཞིག་གི་ལམ་ནས་བགྲོད་པར་ཐག་རིང་ཞིག་ཐེ་ཚོམ་དགོས་པ་ཞིག་མ་ཡིན་ནོ། །

© 2019 ལུག་ཚང་དཔལ་ཡོན། . Powered by WordPress. Theme by Viva Themes.