ལོ་རྒྱུས་ཀྱིས་ཐམས་ཅད་མི་ཡོང་།

179/545

བདག་གིས་ཁ་སང་ཞག་དྲ་ལམ་ནས་མཐོང་བའི་ཚིག་ཁ་ཤས་དྲངས་ན་“སྒོར་མོ་མང་ཞིང་ཁོམ་པ་ཡོད་པའི་མགོ་སེར་མིག་ལྗང་ཅན་ཚོས་མཚར་འཛིན་གྱི་བློ་ཁོ་ནས་རང་རེའི་ལྷ་འདྲེའི་ཆོ་ག་ལ་སོགས་ཅི་ཙམ་ལྐོག་གྱུར་ཡིན་ན་དེ་ཙམ་རྒྱུ་མ་ཕུ་འདེད་ཀྱིས་དཔྱོད་པར་དགའ་མོད། སྐྱ་ཟད་སྔོ་ཐུག་གི་ཉེན་ཁར་འཕྲད་པའི་རང་རེའི་བོད་ཀྱི་བློ་གསལ་གཞོན་ནུའི་ཚོགས་ཀྱིས་ཀྱང་དེ་དག་ལ་ལད་ཟློས་ཀྱིས་རང་གི་མི་རིགས་ཉམ་ཐག་འདིའི་འཚོ་གནས་ཀྱི་མདུན་ལམ་མི་འཚོལ་བར། ཡིག་རྙིང་ལྷ་སྒྲུང་སོགས་ཀྱི་བར་ནས་ཉི་མ་གཏོང་བ་ནི་སོ་སོའི་མི་ཚེ་དང་རིགས་ཀྱི་དབང་ཐང་བོར་བ་ལས་མ་འདས་སྙམ①” སྐད་ཆ་དེའི་ཐོག་ནས་ཁྱོད་ཚོས་ཅི་ཡང་རྟོགས་ཀྱི་མི་འདུག་གམ། ད་ལྟའི་བོད་ཀྱི་གནས་བབ་ལ་བལྟས་ན་ལོ་རྒྱུས་ཀྱི་རྒྱུ་མ་ཕུ་འདེད་བྱ་རྒྱུ་དེ་གཙོར་མི་ཆེ་ཞིང་མིག་མདུན་དུ་ལྷག་པའི་གེགས་བར་སེལ་རྒྱུར་རྩ་འགངས་ཤིན་ཏུ་ཆེ། དེ་ཡང་དུས་རབས་ཉི་ཤུ་པའི་མཇུག་ཙམ་ནས་མཁས་དབང་ནམ་མཁའི་ནོར་བུས་གཙོར་བྱས་ནས་སྐབས་དེ་དུས་བོད་ཀྱི་གནས་བབ་དང་ཆབ་སྲིད་གང་རུང་ལ་གཞིགས་ཏེ་བོད་ཀྱི་ལོ་རྒྱུས་ཀྱི་ཁུངས་མངའ་རིས་རྒྱུད་ལ་གཏུགས་ཏེ། རང་རེའི་བཀའ་ཁག་ཅིག་སེལ་བའི་གཞུག་ཙམ་ནས་ཡང་བོད་ཀྱི་ཆོས་ལུགས་གྲུབ་མཐར་ཞེན་པ་ཆེ་བའི་འདྲེ་ཕྲུག་འགའ་ཡིས་དེ་ཉིད་ཆོས་ལུགས་ཀྱི་ལག་ཆར་སྤྱད་དེ། གནའ་བོའི་བོད་འདི་ངའི་ཡིན། ཁོའི་ཡིན་ཟེར་ཏེ་བོད་ནང་ཁུལ་ལ་འཐབ་རྩོད་དང་དད་ལྡན་མང་ཚོགས་ཀྱི་སེམས་ལ་འདྲེ་ལངས་སུ་བཅུག་ཅིང་། སྤྱི་ཚོགས་འདི་འ་འུར་དང་ཟང་ཟིང་བཟོ་བཞིན་པ་འདི་རེད། གོང་ཞུས་ལྟར་ད་ལྟའི་བོད་ཀྱི་གཞོན་ནུ་རྣམས་ཀྱི་ཕྲག་ཏུ་བབ་ཅིང་མདུན་ལ་ཐུག་པའི་ལས་འགན་ནི་གནའ་བོའི་ལོ་རྒྱུས་འཆད་དེ་བོད་འདི་དང་པོ་སུའི་ཡིན་པ། བར་དུ་སུས་བླངས་པ། ཐ་མ་སུས་ཤོར་བ་དེ་མ་ཡིན་པར། མུ་མཐུད་གཅིག་གྱུར་དང་མདུན་དུ་འགྲོ་ཐབས་ལ་འབད་དགོས་པ་དེ་ཡིན། མི་རིགས་ཤིག་དང་རྒྱལ་ཁབ་ཅིག་ཡུན་དུ་གནས་ཐུབ་མིན་དེ་ལོ་རྒྱུས་རིང་མིན་དང་འདས་སོང་ཕུ་འདེད་བྱེད་རྒྱུ་དེ་མ་ཡིན་པ་ཅི་ཡིས་མཚོན་ཟེར་ན། དེ་ནི་ད་ལྟ་བདེ་སྐྱིད་ཆེ་བའི་འབྲུག་རྒྱལ་ཁབ་དང་མཐུན་སྒྲིལ་ཆེ་བའི་ཁ་རོ་ཤེ་ཡ། ཡང་ན་སྟོབས་འབྱོར་མངའ་ཐང་ཆེ་བའི་ཨ་རིར་གཅིག་པུར་དཔེ་བཞག་ནས་བལྟས་ན་གཟའ་བརྒྱབ་པའི་ཆོས་ལུགས་གྲུབ་མཐའ་ཁོ་ན་ལས་བསམ་རྒྱུ་མེད་པའི་མི་དེ་ཚོས་མ་གཏོགས། གཞན་རྣམས་ཀྱིས་ཧ་གོ་དོན་རྟོགས་ཐུབ་ས་རེད་མི་འདུག་གམ། ད་དུང་ཁོ་ཚོས་ཅི་ཞིག་ཤེས་མདོག་གིས་གཅིག་གྱུར་དུ་ཆགས་ཟིན་པའི་ཧོར་ཟླ་དང་པོའི་བོད་ཀྱི་ལོ་སར་འདི་ཇིང་གིར་རྒྱལ་པོས་བོད་ཁམས་དབང་དུ་བསྡུས་པའི་ཅིག་ཅིག་མིག་མིག་རེད་ཟེར་ནས། ཁྱོད་མ་གཏོགས་གླེན་པ་ཡིན་སྣང་ཤར་ཏེ་དགོས་མེད་འགྲེལ་བཤད་རིང་ཐག་ཆོད་པ་འགའ་བརྒྱབ་སྟེ་མཐར་ཡང་ཁྱོད་དགོད་ཤོར་ཁུལ་བྱེད། སྐབས་དེར་ང་ངུ་ཤོར་སོང་། དེ་ནི་མི་རིགས་གཞན་པ་རྣམས་ཀྱིས་རྒྱབ་ཀྱི་རྐང་རྗེས་བརྩིས་ཚར་རྟིང་མདུན་གྱི་འགྲོ་ལམ་བཟོ་ཚར་གྲབས་ཡོད་པའི་དུས་སུ། ང་ཚོ་བོད་ལ་ད་དུང་འདི་འདྲའི་ལོ་རྒྱུས་ཀྱི་རྒྱུན་ཤེས་ཙམ་ལ་ཡང་དབུ་འཁོར་མཁན་མང་བ་ལ་བསམ་པས་ངུ་ཤོར་སོང་། ཇིང་གིར་རྒྱལ་པོས་བོད་ཁམས་དབང་དུ་བསྡུས་ཚུལ་དང་ས་སྐྱ་བའི་མཛད་རྗེས་མི་བཤད། དེ་ཚོ་སྐད་ཆ་རྙིང་པ་རེད། ཧ་མི་མཁན་ཡོད་མ་རེད། དེ་ལ་གནད་འགག་ཀྱང་ཡོད་མ་རེད། དཔེ་གཅིག་བཞག་ན་སྐྱེ་བ་སྔོན་མ་ཁྱོད་ཀྱི་མ་བསད་མཁན་དེ་ད་ལྟ་ཁྱོད་ཀྱིས་ཨ་མ་བྱེད་པ་ནང་བཞིན་རེད། ང་ཚོས་ཧོར་ཟླ་དང་པོའི་ལོ་སར་འདི་མུ་མཐུད་གཏོང་དོན་ནི་འཛམ་གླིང་ལོ་རྒྱུས་སྟེང་གི་བཙན་རྒྱལ་རྒྱལ་ཁབ་བཞི་ཡི་ནང་གི་སོག་པོ་བཙན་རྒྱལ་བརྗེད་སོང་བ་མ་རེད། དེ་ནི་དཔེ་མི་སྲིད། འོ་ན་ཅི་རེད་ཟེར་ན། བོད་བཙན་པོའི་རྒྱལ་རབས་ཞེས་སུ་གྲགས་པའི་མངའ་ཐང་ཆེ་བའི་རྒྱལ་ཁབ་དེ་ནས་ད་ལྟའི་སྲོག་རྩ་རྟ་རྔ་ཙམ་ལྷག་པ་འདི་ཡང་མུ་མཐུད་དུ་ནང་ཁུལ་ལ་འཐེན་འཁྱེར་ཀར་ཀོར་གྱི་མཚོ་མོ་མི་འཁྱིལ་ན་བསམ་པས་ཡིན། དྲང་པོ་བཤད་ན། ཁྱོད་ཚོས་བོད་ཀྱི་ལོ་རྒྱུས་འཆད་པ་དེ་བོད་ཀྱི་དོན་དུ་འཆད་ཀྱི་མི་འདུག རང་ཉིད་ཀྱི་གྲུབ་མཐའི་དོན་དུ་འཆད་ཀྱིན་འདུག དེས་ང་སུན་པར་བྱས་བྱུང་། ཁྱོད་ཚོ་བོད་ཡིན། རྩམ་པ་ཟ་ཡི་ཡོད་བསམ་མཁན་ཞིག་ཡིན་ན། སྐྱེས་ཕ་བཟང་བུ། རྒྱབ་ལ་མ་ལྟ་མདུན་ལ་ལྟོས། སྐབས་གཅིག་རིང་ཞང་ཞུང་གི་ལོ་གསར་སྐྱུར་ཞོག བོད་ཀྱི་ལོ་སར་ཐོངས་ཤིག ལོ་སར་འདི་དང་པོ་ཅི་ཡིན་ན་ཡིན། ད་ལྟ་བོད་ཀྱི་ལོ་སར་རེད་ཚར་བས་བོད་མི་ཡོངས་དང་མཐུན་པར་བྱོས།

2019.1.7 ཁ་བ།

① མང་རྒྱན་གྱི་སྐད་འཕྲིན་ལས།